མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྐང་གཉེར་དབུ་གཙོ་གཞོན་པ། དངུལ་ཁང་གི་འགོ་གཙོ་ཐན་ཅུང་སོགས་ལ་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཐན་ཅུང་སོགས་མཚོ་སྔོན་དུ་རྟོག་ཞིབ་ལ་ཡོང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་འདི་སྐད། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད་ལ། སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་རྣམ་པའི་དངུལ་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལེགས་པར་བཏོན་ནས། ཕུགས་རིང་བོར་དམིགས་ཏེ་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི“སྐབས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་གཞི་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་མཐོར་འདེགས་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་སྔར་ལས་བཟང་པོ་བྱེད་པའི་རེ་བ་ཡོད་ཟེར།
ཐན་ཅུང་གིས་སྡེ་ཚོགས་ཀྱི་ལས་སྒོ་དང་མཚོ་སྔོན་དུ་འཕེལ་རྒྱས་བྱུང་བའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་། ཁོས་སྔར་ལས་ལྷག་པའི་སྒོ་ནས་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ལེགས་ཆ་བཏོན་ཏེ། རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་རིམ་སྤོར། དམངས་ཚིས་ལེགས་བཅོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སོགས་ཀྱི་ཁྱབ་ཁོངས་སུ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཚུལ་བསྟན།
ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།