མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱལ་ཕྱིའི་མཛོད་ཁང་ཐོག་མ་བཙུགས་ནས་ལེགས་འགྲུབ་བྱུང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ8ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱིས་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨང་གསུམ་པ་ཆི་མུ་ཁེན་ཐའེ་ཡི་སྔོ་ཚལ་སྡེབ་ཚོང་ཚོང་ར་རུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱལ་ཕྱིའི་མཛོད་ཁང་ཐོག་མ་བཙུགས།  དེས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཐད་ལ་གནད་འགག་གི་གོམ་པ་དང་པོ་སྤོས་པ་མཚོན་ལ།  མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས“རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན+ཐོན་ལས་ཁལ”གྱི་བྱེད་སྟངས་ལ་བརྟེན་ནས་རྒྱལ་ཕྱིའི་ཁྲོམ་ར་རྒྱ་སྐྱེད་ཐད་ལ་རྨང་གཞི་བརྟན་པོ་བཏིངས།
   ཐེངས་འདིའི་རྒྱལ་ཕྱིའི་མཛོད་ཁང་ལེགས་པར་གྲུབ་པ་དེ་ནི་ལུང་མདོ་ཆུས་ཞིང་ལས་ཞིང་གྲོང་ཅུས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ།  ས་གནས་ཀྱི་ཁེ་ལས་ཀྱིས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས་སྣ་མང་ཅན་གྱི་རྒྱལ་སྤྱིའི་ཚོང་ར་རྒྱ་སྐྱེད་ཐད་ལ་ཁྲིད་སྟོན་ཧུར་ཐག་བྱས་པའི་གྲུབ་འབྲས་ཤིག་ཡིན།   མཚོ་ཤར་ལུང་ཐང་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཚད་ཡོད་ཀུང་སིའི་རྒྱལ་ཕྱིའི་མཛོད་ཁང་གིས“སྲིད་གཞུང་གིས་སྟེགས་བུ་བཙུགས།  མི་ནུས་པ་ཅན་གྱིས་གཉེར་སྐྱོང་བྱེད་པའི”བྱེད་སྟངས་དེ་ལ་གཞི་བཅོལ་ཏེ།  མཚོ་སྔོན་གྱི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཐད་ཀར་གླིང་ཆེན་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི“གནས་གཅིག་ནས་གཅིག”ལ་བྲིན་འཚོང་ཐུབ་པའི་ཚོང་ལམ་བཏོད་ནས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི“མཇུག་མཐའི་སྤྱི་ལེ་གཅིག”གི་འགག་སྒོའི་གནད་དོན་ཐག་གཅོད་བྱས་པ་དང་།  མཚོ་ཤར་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་རིན་གོང་ལེགས་ལ།  ཁེ་འབབ་གཏན་འཇགས་ངང་འཕར་བར་རམ་འདེགས་རྒྱུ་རེད།

 ཕྱི་ཚོང་གསར་གྲས་ཀྱི་རྨང་གཞི་སྒྲིག་ཆས་ཡིན་པའི་ཆ་ནས་རྒྱལ་ཕྱིའི་མཛོད་ཁང་དུ་ཟོང་འདྲེན་ཀྱི་དུས་ཚོད་ཇེ་ཐུང་དང་།  ཁེ་ལས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་མ་རྩ་ཇེ་ཉུང་དུ་བཏང་བ་དང་ཆབས་ཅིག   ཚན་རིག་མཛོད་ཉར་དོ་དམ་མ་ལག་བརྒྱུད་དེ། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་རྒྱལ་ཕྱིའི་ཁྲོམ་རའི་དགོས་མཁོ་ཐད་མྱུར་ལ།  ཇུས་ཆོད་སྔ་ལས་གུ་ཡངས་པ་བཏོན་ནས་མཚོ་སྔོན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐད་ལ་སྟབས་བདེ་བསྐྲུན།  རྒྱལ་ཕྱིའི་མཛོད་ཁང་བཙུགས་རྗེས།  ལུང་མདོ་ཆུས་ཀྱིས་སྣ་རྐྱང་བའི་སྔོ་ཚལ་དང་ཞོག་ཁོག་ཕྱིར་གཏོང་ལས་སྒོ་གཉེར་བའི་རྨང་གཞིའི་སྟེང་།  སིལ་ཏོག་ཕྱིར་གཏོང་གི་ཐོབ་ཐང་ལ་སྙན་ཞུ་རྒྱག་བཞིན་ཡོད། ད་ལོའི་ནང་ལྷད་མེད་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཏུན8000ཕྱིར་གཏོང་བའི་འཆར་གཞི་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།