འོ་ཇ་འདི་རིགས་མང་དུ་འཐུང་ན་མི་རྒས་སླ་ལ་ཤ་རྒྱགས་པོ་ཆགས་སླ་བ་མ་ཟད། ཀླད་སྙིང་ཁྲག་རྩའི་ནད་དང་གཅིན་སྙི་ཟ་ཁའི་ནད་སོགས་ནད་རིགས་མང་པོ་འབྱུང་བའི་ཉེན་ཁ་ཡང་ཧ་ཅང་ཆེ་གི ཚང་མས་ཤེས་གསལ་ལྟར། ང་ཚོ་དུས་རྒྱུན་རྒྱ་སྲང་དུ་ཉུལ་དུས། བཏུང་ཆུ་རིགས་ཀྱི་ཚོང་ཁང་དུ་རྒྱ་སྐད་དུ珍珠奶茶ཟེར་བའི་འོ་ཇ་འདི་ཉོ་རྒྱུ་ཡོད་པ་མ་ཟད། ན་གཞོན་དང་ལོ་ཆུང་བྱིས་པ། ལྷག་པར་སྐྱེས་མ་རྣམས་འདི་འཐུང་རྒྱུ་ཧ་ཅང་དགའ་བོ་ཡོད། འོ་ཇ་འདིའི་ནང་མངར་ཆ་མང་ལ་ཁཱ་ཧྥེ་རྒྱུ་ཡོད་པས་ཁ་ལ་ཞིམ་ཞིང་རྣམ་རིག་ཇེ་གསལ་ལ་འགྲོ་བ་དང་། ངལ་དུབ་གསོ་བ། སྤྲོ་བ་སྐྱེད་པ་ལ་སོགས་ཀྱི་བྱེད་ནུས་ཡོད་པ་རེད།
《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ལམ་སྟོན》ཞེས་པའི་དེབ་ནང་དུ་མི་རེ་ནས་ཉིན་རེར་མངའ་ཆ་ཁེ50ཡན་འཐུང་མི་རུང་བ་དང་། འཐུང་ཡང་ཁེ25མན་ནང་ཚོད་འཛིན་ཐུབ་ན་ཧ་ཅང་ལེགས་ཞེས་གསལ་བོར་འཁོད་ཡོད་ན་ཡང་། ད་ལྟ་ང་ཚོའི་གླེང་བཞིན་པའི་འོ་ཇ་འདིའི་ཇ་ཕོར་གང་ལ་ཧའོ་ཧྲེན300ཡོད་ཅིང་། ཧའོ་ཧྲེན300ཅན་གྱི་འོ་ཇའི་ནང་གི་མངར་ཆའི་འདུས་ཚད25%ཡིན་པ་དང་། དེ་ནི་མངར་ཆ་ཁེ75འཐུང་བ་དང་གཅིག་མཚུངས་རེད། ལྷག་པར་དུ་འདིའི་ནང་གི་འོ་མ་ནི་སྒོ་ཕྱུགས་བ་དང་འབྲི་མོ་ལ་སོགས་ཀྱི་འོ་མ་མ་ཡིན་པར་རྫས་སྣ་མང་པོ་བསྡེབས་པའི་རྒྱ་སྐད་དུ奶精ཟེར་བའི་འོ་རྩི་ཁོ་ན་ལས་བཟོས་པའི་འོ་མ་རྫུན་མ་ཡིན་པས། དུས་རྒྱུན་དུ་འཐུང་ན། ལུས་ཀྱི་སྙིགས་དོར་བཅུད་ལེན་གྱི་ནུས་པ་ཉམས་ཤིང་། མི་རྒས་སླ་བ་མ་ཟད། ཀླད་སྙིང་ཁྲག་རྩའི་ནད་དང་གཅིན་སྙི་ཟ་ཁུའི་ནད་ལ་སོགས་ནད་རིགས་མང་པོ་འབྱུང་ངེས།
དེ་བཞིན་དུ་འོ་ཇ་རིགས་ཀྱི་ཐོན་རྫས་ཁ་ཤས་ནང་དུ“མངར་ཆ་ཐིག་ལེ”ཡིན་ཞེས་ཡི་གེ་དང་མངར་ཆ་བསྲེས་མེད་ཅེས་དམིགས་སུ་ཕྱི་ཐུམ་དུ་གསལ་བཤད་ཀྱི་ཚུལ་དུ་བཀོད་ཡོད་ན་ཡང་། དེ་ནི་མངར་ཆའི་ཚབ་བྱེད་ཐུབ་པའི་མངར་ཆའི་བྲོ་རྫས་བསྲེས་ཡོད་ལ། དེའི་ནུས་པ་ཀ་ར་ཕྱེ་མ་ལས་གཉོམ་ན་ཡང་། ཡུན་རིང་ལ་བཏུང་ན་ཤན་གླང་རྒྱུ་བསྐྱེད་པ་ལ་ཤུགས་རྐྱེན་ཐེབས་ནས་ལུས་པོའི་སྙིགས་དོར་བཅུད་ལེན་གྱི་ནུས་པ་ཉམས་པའི་ཉེན་ཁ་འབྱུང་སྲིད་པ་ཞིབ་འཇུག་བྱས་པའི་མཇུག་འབྲས་ཁག་ན་བསྟན་ཡོད་གི རབ་ཡིན་ན་བཏུང་བྱ་དེ་རིགས་བསྟེན་རྗེས། མགྱོགས་འགྲོ་དང་། དལ་རྒྱུག སྤོ་ལོ་རྒྱག་པ། ཆུར་རྐྱལ་བ་སོགས་འགུལ་སྐྱོད་ལ་བརྟེན་ནས་ལུས་ཤ་རྒྱགས་པོ་ཆགས་པར་སྔོན་འགོག་བྱེད་དགོས།
ཟས་ཇི་ཞིག་བསྟེན་ན་མི་ཡང་དེ་འདྲ་ཡིན་ཟེར་བའི་བཤད་སྲོལ་ལྟར་དུ། གང་ལྟར་དུས་རྒྱུན་བཏུང་བྱའི་ཐོན་རྫས་རིགས་འདི་སྤྱོད་དུས་ཐོག་མར་རང་གི་བདེ་ཐང་ལ་འཕྲོད་མིན་དེར་བསམ་གཞིགས་བཏང་སྟེ། མི་རྒན་གཞོན་སུ་ཡིན་ཡང་སྣང་མེད་དུ་མི་འཇོག་པར་ཡིད་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ།