མཚོ་སྔོན་ཞིང་ཆེན་གྱིས་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཆེད་དོན་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7ཚེས17ཉིན། རང་ཞིང་གི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་གྱི་ཆེད་དོན་དམངས་གཙོའི་ལྟ་སྐུལ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཟླ7པ་ནས་བཟུང་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་བཅས་ཀྱིས་དུས་ཡུན་ལོ་གསུམ་གྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆེད་དོན་ལྟ་སྐུལ་བྱ་བ་སྤེལ་རྒྱུ་རེད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཆེད་དོན་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས། འཐུས་ཚང་དུ་གཏོང་བའི་མཐོ་ཚད་ནས་ལྟ་སྟངས་ནན་མོ་འཛིན་དགོས། བྱ་བའི་གཙོ་གནད་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཆེད་དོན་དམངས་གཙོའི་ལྟ་སྐུལ་གྱི་གཙོ་གནད་དེ་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་སྟེང་གཅིག་སྡུད་བྱེད་པ་དང་། ཁ་གཏད་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་རོགས་རམ་བྱས་ཏེ་ལས་འགན་དོན་འཁྱོལ་བྱས་པ་མི་འདང་བ་དང་། སྲིད་ཇུས་འབྲེལ་མཐུད་མི་ལེགས་པ། སྒྲིག་བཀོད་འགན་སྲུང་མི་འདང་བ་སོགས་ཀྱི་གནད་དོན་ཐད་གཅིག་སྡུད་བྱེད་པ། སྣང་ཚུལ་ལ་ཞིབ་འཇུག་དང་། སྲིད་ཇུས་ཀྱི་གྲོས་འགོ་འདོན་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གཅིག་སྡུད་བྱ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལྟ་སྐུལ་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་ནས་མགོ་བརྩམས་ཏེ་རྩ་འཛུགས་ཞིབ་ཚགས་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས།

ལིའུ་ཐུང་ཏི་དང་། ཁོང་ཡུང་། ཝང་ཞོན་བཅས་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་ཀྱི་འགན་འཁུར་བློ་མཐུན། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།