གསར་འགོད་པས་ཟླ7པའི་ཚེས16ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དབྱར་གནང་སྐབས་ཆུ་ལོག་གི་དུས་སྐབས་དང་གུང་གསེང་འདྲེས་ནས་བདེ་འཇགས་ཉེན་ཁ་ཆེ་རུ་ཕྱིན་ནས་བདེ་འཇགས་དོན་རྐྱེན་སྣ་ཚོགས་འབྱུང་སླ་བ་དང་། སློབ་གསོ་པུའུ་གཞུང་དོན་ཐིང་གིས་ཉེ་ཆར་བརྡ་ཐོ་པར་འགྲེམས་བྱས་ནས2025ལོའི་སློབ་གྲྭ་ཆུང་འབྲིང་གི་དབྱར་གནང་གི་བདེ་འཇགས་ལས་དོན་ལེགས་པོ་བཀོད་སྒྲིག་བྱས་ནས་རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་དབྱར་གནང་ཞིག་རོལ་ཐུབ་པར་འགན་སྲུང་བྱས་ཏེ་དབྱར་གནང་སྐབས་ཀྱི་ལས་བྱར་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་སློབ་གསོ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། དུས་ཆེན་དང་གནང་བའི་སྐབས་སློབ་ཁྲིད་གསབ་སྦྱོང་དང་། སྔ་སྣུར་དུ་སློབ་འགོ་ཚུགས་པ། གུང་གསེང་ཕྱིར་འགྱངས་བྱེད་པ་སོགས་ཡང་དང་བསྐྱར་དུ་བཀག་སྡོམ་བྱས་ནས་མཚམས་མི་འཇོག་པས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པའི་གནད་དོན་དག་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ངལ་རྩོལ་ཟུང་འབྲེལ་དང་། ཕྱོགས་བསྡུས་འཕེལ་རྒྱས། སྐྱོན་བྲལ་འཚར་ལོངས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དབྱར་གནང་སྐབས་ཀྱི་ལས་བྱ་བསྡོམས་འབོར་ཚོད་འཛིན་ནན་པོ་དང་། ལས་བྱ་བཀོད་སྒྲིག་ཚན་རིག་དང་མཐུན་པའི་ཚད་ལྡན་དུ་བཏང་སྟེ། ཁ་པར་སྤྱད་ནས་ལས་བྱ་བཀོད་སྒྲིག་བྱེད་པ་དང་། སློབ་མས་ལག་འཁྱེར་་ཁ་པར་སྤྱད་ནས་ལས་བྱ་ལེགས་འགྲུབ་བྱེད་དུ་འཇུག་པའམ་ཡང་ན་ཁྱིམ་བདག་ལ་ལས་བྱ་ཞིབ་བཤེར་དང་དག་བཅོས་བྱེད་དགོས་པའི་རེ་བ་འདོན་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། སློབ་མའི་ལས་བྱའི་ཁུར་པོ་ལྗིད་དྲགས་པའི་གནད་དོན་ནུས་ལྡན་གྱིས་ཇེ་ཡང་དུ་བཏང་སྟེ། རྒྱ་ཆེའི་དགེ་སློབ་རྣམས་བདེ་འཇགས་དང་། བདེ་ཐང་། བདེ་སྐྱིད་བཅས་ཀྱི་དབྱང་གནང་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་དགོས།
བརྡ་ཐོའི་ནང་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དབྱར་གནང་སྐབས་གསར་འགྱུར་སྨྱན་སྦྱོར་སྣ་ཚོགས་དང་ལྷག་པར་དུ་དྲ་རྒྱའི་སྨྱན་སྦྱོར་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ་བདེ་འཇགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། བདེ་འཇགས་དྲན་སྐུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སློབ་མར་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱས་ནས་བདེ་འཇགས་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་ནན་པོ་བྱེད་དགོས་པའི་དྲན་སྐུལ་བྱ་དགོས།