ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དངོས་སུ་སྤྱོད་མགོ་བརྩམས་པ་དེས། བཀོད་འདོམས་བཀོད་གཏོང་དང་། འགལ་བ་ཞི་འཇགས། དྲ་རྒྱའི་དོ་དམ། བཅའ་ཁྲིམས་ཞབས་ཞུ་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་གྲུབ་པའི“གཅིག་འཐུས་རྣམ་པའི”སྤྱི་ཚོགས་བཅོས་སྐྱོང་གི་དངོས་འཐབ་སྟེགས་བུ་ཞིག་ཕྱོགས་ཡོངས་ནས་བཙུགས་པ་མཚོན།
གཅིག་ནི་བྱེད་ནུས་དང་གནས་མཚམས་གསལ་པོ་བྱས་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་དང་བླང་བྱར་ངེས་ཤེས་ཟབ་མོ་སྐྱེས་སུ་བཅུག་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གནས་མཚམས་ནི་རྫོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་གི “བཀོད་འདོམས་པུའུ”དང་། སྤྱི་ཚོགས་བདེ་འཇགས་ཀྱི“ཉེན་བརྡ་འཕྲུལ་ཆས”དང་། སྤྱི་ཚོགས་བརྟན་འཇགས་ཀྱི“གནོན་འཕྲི་སྟེམ་སྒོ”བྱས་ཏེ། དེའི་ལས་འགན་གཙོ་བོ་ནི“མཉམ་དུ་འགལ་བ་འདུམ་འགྲིག་བྱེད་པ། མཉམ་དུ་བདེ་སྲུང་བྱེད་པ། མཉམ་དུ་གནད་དོན་ཐག་གཅོད་པ། མཉམ་དུ་བདེ་འཇགས་བསྐྲུན་པ”བཅས་གསལ་པོ་བྱས་ཏེ། བཀོད་འདོམས་བཀོད་གཏོང་དང་། འགལ་བ་ཞི་འཇགས། དྲ་རྒྱའི་དོ་དམ། བཅའ་ཁྲིམས་ཞབས་ཞུ་བཅས་ཀྱི་བྱེད་ནུས་གཞི་གཅིག་ཅན་གྱི“གཅིག་འཐུས་རྣམ་པའི”སྤྱི་ཚོགས་བཅོས་སྐྱོང་གི་སྟེགས་བུ་ཞིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་རེ་རེར “སྒྲུབ་མཁན་ཡོད་པ་དང་། ཁྲིམས་ལྟར་སྒྲུབ་པ། ལེགས་པར་སྒྲུབ་པ”བཅས་ལ་ཁག་ཐེག་བྱས།
གཉིས་ནི་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་འཛུགས་སྐྲུན་བྱས་པ། “ཐོན་ཁུངས་ཧྲག་སྡེབ་དང་། འགན་དབང་གསལ་པོ། མཐུན་སྦྱོར་ཤུགས་སྣོན། དམངས་བདེ་ནུས་མཐོ”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྔར་ཡོད་ལྟེ་གནས་ལྔ་ཡི་རྨང་གཞིའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དང་། རྨིན་ཧོ་རྫོང་བཅས་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་བསྡུ་ལེན་འདང་ངེས་བྱས་ཏེ། ལེབ་ངོས་ཇུས་འགོད་རི་མོ་ཞིབ་མོ་བྱས་ཤིང་། བྱེད་ནུས་ཁུལ3བཀོད་སྒྲིག་བྱས་པ་དང་། བྱེད་ནུས་ཁང17ཇུས་འགོད་བྱས་ལ། ལྷག་པར་དུ་ཞབས་ཞུ་ཚོམས་ཆེན་དུ་ཁྲིམས་དོན་ཡིག་རིགས་ཚབ་འབྲིའི་སྒེའུ་ཁུང་བསྣན་ཏེ། རང་རྫོང་གི་འགལ་བ་དང་རྩོད་གླེང་གི་ཁྱད་ཆོས་ལ་དམིགས་ཏེ། རྩྭ་ས་རྩོད་གླེང་དང་། གཉེན་སྒྲིག་རྩོད་གཞི་འདུམ་འགྲིག་ཁང་བཅས་བཀོད་སྒྲིག་བྱས།
གསུམ་ནི་མ་དངུལ་དངོས་འབེབས་ལ་འགན་སྲུང་བྱས་པ། མ་དངུལ་འགན་སྲུང་ནི་ཐོག་མའི་ལས་འགན་དུ་བཞག་སྟེ། རྫོང་སྲིད་གཞུང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་དང་པོ་ཉིད་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ། ལས་གཞི་འཛུགས་སྐྲུན་མ་དངུལ་སྒོར་ཁྲི196.6གཅིག་གྱུར་འཆར་འགོད་བྱས་ཏེ་དངོས་འབེབས་བྱས་ནས། དངོས་པོ་ལེགས་བསྒྱུར་དང་སྒྲིག་བཀོད་ཆ་སྒྲིག་ཐད་འགན་སྲུང་བརྟན་པོ་བྱས།