2025ལོའི་ཅ་ཚྭ་ཅ་ལུད་ཚོགས་ཆེན་དང་ན་གོར་མོའི་ཚྭ་མཚོའི་བགྲོ་གླེང་འཚོགས་འགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས16ཉིན་གྱི་སྔ་དྲོར། ལྗང་མདོག་གསར་གཏོད་དང་གཞི་གྲངས་བྱེད་ནུས་ལ་བརྟེན་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་བསྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི2025ལོའི་ཅ་ཚྭ་ཅ་ལུད་ཚོགས་ཆེན་དང་ན་གོར་མོའི་ཚྭ་མཚོའི་བགྲོ་གླེང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཁུལ་གསར་འགྲེམས་སྟོན་ལྟེ་གནས་སུ་དངོས་སུ་འགོ་བརྩམས།

ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བྱས་པར་བསྟུན་ནས་དར་རྒྱས་བྱུང་བའི་གསར་དར་བཟོ་ལས་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། ན་གོར་མོའི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་དམིགས་འབེན་དམིགས་སུ་བཟུང་སྟེ།  རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཅ་ལུད་ཐོན་སྐྱེད་རྟེན་གཞི་འཛུགས་གྲུབ་བྱུང་ཞིང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་སྲོག་ཤིང་དུ་བྱས་ཤིང་། ཐོན་ལས་མང་པོ་མཉམ་འདྲེས་ཀྱིས་ཡོངས་ཁྱབ་ཏུ་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་གྲུབ་པར་བྱས་ཏེ། རྒྱལ་ཁབ་ཐོན་ཁུངས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག ཀྲུང་གོའི་ཚྭ་མཚོའི་གྲོང་ཁྱེར་ཞེས་པ་དེ་ན་གོར་མོ་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་ས་ཁུལ་གྱི་ཁྱད་ཆོས་ཤིག་དང་འོད་དུ་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་འདུག

ཐེངས་འདིའི་ཚོགས་ཆེན་གྱིས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཞིང་། ཚོགས་ཆེན་ལས་འགྲེམས་སྟོན་དང་འགྲེམས་སྟོན་གྱིས་ཚོགས་འདུ་ལ་སྐུལ་བའི་རྣམ་པར་བརྟེན་ནས། མགོ་རྩོམ་མཛད་སྒོ་དང་། བགྲོ་གླེང་དང་ཡན་ལག་བགྲོ་གླེང་བྱས། ཅ་ལུད་ཅ་ཚྭ་དང་། ལིས་གློག་ནུས་ཁུངས་གསར་པ། ཞུས་ཚྭ་གསོག་ནུས། ལུད་རྫས་གསར་པ་དང་ལུད་རྫས་རོགས་འདེགས་སོགས་གྲོས་གཞི་གཙོ་བོར་དམིགས་ནས་ཞིབ་འཇུག་དང་གྲོས་སྡུར་གཏིང་ཟབ་བྱས་ལ། བརྗོད་དོན་སྙན་ཞུ་དང་། ཆེད་དོན་སྙན་ཞུ། མཐོ་རིམ་གླེང་མོལ། ཐོན་ལས་སྦྲེལ་མཐུད། མཉམ་ལས་གན་རྒྱ། ལག་རྩག་གསར་པ་ཁྱབ་སྤེལ། ཉོ་ཚོང་བརྗེ་རེས་སོགས་ཕུན་སུམ་ཚོགས་པའི་གོ་རིམ་འཆར་འགོད་བྱས་ཡོད། འགྲེམ་སྟོན་ཕྱོགས་ཀྱིས་འགྲེམ་ཁང་དང་པོ་དང་འགྲེམ་ཁང་གཉིས་པ། ཁྱད་ལྡན་ཐོན་རྫས་བརྗོད་དོན་ཁང་སོགས་བཙུགས་ཡོད་དེ། དེའི་ཁྲོད་དམིགས་བཙུགས་འགྲེམས་གནས་སོ་བདུན་དང་། ཁེ་ལས་ཚད་གཞིའི་འགྲེམས་གནས་ཉི་ཤུ། ས་གནས་ཁྱད་ལྡན་ཐོན་རྫས་འགྲེམས་གནས་བཅུ་བཞི་འདུས་ཡོད་ལ། ཐོན་རྫས་དང་ལག་རྩལ་འགྲེམས་སྟོན་བརྒྱུད་དེ་ཚོགས་འདུ་དང་མཉམ་འགུལ་གྱི་རྣམ་པ་གྲུབ་ཡོད་པས། བྱ་འགུལ་གྱི་རིགས་སྣ་མང་ཞིང་། འགྲེམས་སྟོན་འཆར་འགོད་ཀྱི་རྣམ་པ་གསར་ཤས་ཆེ་སྟབས་འཛམ་གླིང་ཐོན་ལས་འཕེལ་རྒྱས་ཐད་བསམ་ཕྱོགས་གསར་པ་འདོན་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།