རིག་ནུས་སྒོ་ཟྭས་དམངས་ཀྱི་འཚོ་བར་ཕན་བདེ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཁྱེད་དང་ཁྱེད་ཀྱི་ཁྱིམ་མིའི་མགོ་པར་སོགས་ཆ་འཕྲིན་བསྡུ་ལེན་བྱས་ཟིན། ད་ལྟ་ཁྱིམ་གྱི་སྒོ་འབྱེད་སྐབས་ངོ་རིས་ངོས་འཛིན་བྱས་ན་སྒོ་འབྱེད་ཐུབ། ཉེ་སྔོན། གསར་འགོད་པ་གུང་ཧོ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཆའོ་ཀྲའོ་དང་མཉམ་དུ་ཆབ་ཆ་གྲོང་རྡལ་སྲིད་དར་སྡེ་ཁུལ་གྱི་འཆམ་མཐུན་གཞིས་ཁུལ་དུ་སོང་བ་ན། རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་ལས་གཞིའི་ལག་རྩལ་མི་སྣས་ཁྱིམ་ཚང་རེ་རེའི་ཆ་འཕྲིན་བསྡུ་བཞིན་ཡོད་པ་མཐོང་།

འཕྲུལ་ཆས་ཀྱི་སྒྲ་དང་བསྟུན་ནས་གཉིས་ཐོག་ལ་སླེབས་པ་ན། སྒྲིག་སྦྱོར་ལས་བཟོ་བས་ཟྭ་རྙིང་བའི་ཤུལ་གྱི་ཁུང་བུ་བརྡར་ནས་ཡག་པོ་བྱས་རྗེས་རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱེད་བཞིན་ཡོད། སྒྲིག་སྦྱོར་ལས་བཟོ་པས་བཤད་རྒྱུར། ངས་ཉིན་གཅིག་ལ་རིག་ནུས་སྒོ་ཟྭ་སུམ་ཅུ་ལྷག་ཙམ་སྒྲིག་སྦྱོར་བྱེད་ཐུབ་ཟེར།

སྤྱི་བའི་གླ་ཁང་གཞན་ལ་གཡར་བའི་བྱ་སྤྱོད་བཀག་འགོག་བྱེད་པ་དང་། འགན་སྲུང་ཁང་པའི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་སྲོལ་རྒྱུན་དོ་དམ་གྱི་དཀའ་གནད་སེལ་བ། མང་ཚོགས་ཀྱི་རུལ་སུངས་གནད་དོན་བཀག་འགོག་བཅས་བྱ་ཆེད། 2025ལོའི་ཟླ5པ་ནས་བཟུང་གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་རྫོང་ཡོངས་ཀྱི་སྤྱི་བའི་གླ་ཁང19དང་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ཡོད་པའི་སྡོད་ཁང4326ལ་ཁྱོན་ཡོངས་ནས་རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱས། འཆམ་མཐུན་གཞིས་ཁུལ་ནི་དེའི་ནང་གི་ལས་གཞི་ལག་བསྟར་བྱེད་སའི་སྡོད་ཁུལ་ཞིག་ཡིན་ལ། སྔོན་ཆད་ལྡེ་མིག་བོར་བ་དང་ཡང་ན་སྒོ་ཟྭ་བདེ་འཇགས་མིན་པ་སོགས་ལ་སེམས་ཁུར་བྱེད་ཀྱིན་ཡོད། ད་ལྟ་ངོ་རིས་ངོས་འཛིན་བྱས་རྗེས་སྒོ་འབྱེད་ཐུབ་པས་བདེ་འཇགས་ཡིན་ལ་སྟབས་བདེའང་ཡིན། དངོས་ནས་ཡག་པོ་འདུག་ཞེས་འཕགས་མོ་སྒྲོལ་མས་བཤད། རྒྱུས་ལོན་པ་ལྟར་ན། འཆམ་མཐུན་གཞིས་ཁུལ་ནི2013ལོར་འཛུགས་སྐྲུན་བྱས་ཤིང་། ཁྱིམ་ཚང800ལྷག་ཡོད་ལ། སྔོན་ཆད་སྒྲིག་འགལ་གྱིས་གཞན་ལ་གཡར་བ་དང་གླ་བ། གླ་རིན་མི་སྤྲོད་པ་སོགས་ཀྱི་གནས་ཚུལ་ཡོད། ཐེངས་འདིར་རིག་ནུས་སྒོ་ཟྭ་བརྗེ་རྗེས་གོང་གི་གནད་དོན་དག་འབྱུང་བར་སྔོན་འགོག་ནན་མོ་བྱས་ཡོད།

ལས་གཞི་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་འགན་སྲུང་ལྟེ་གནས་ཀྱི་མི་སྣ་དང་གཞིས་ཁུལ་དོ་དམ་མི་སྣ། ལག་རྩལ་བཟོ་བཀོད་པ་བཅས་ལས་གྲུབ་པའི་ཆེད་དོན་ཚོ་ཆུང་གསུམ་བཙུགས་ནས་ཐོབ་ཐང་ལག་ཁྱེར་དང་བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱའི་ཆ་འཕྲིན་ལ་ཞིབ་བཤེར་ནན་མོ་བྱས་ལ། དེ་དང་མཉམ་དུ་མི་རང་ཉིད་བསྡད་ཡོད་མེད་ཀྱི་གནས་ཚུལ་དངོས་གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་ཁྲིམས་འགལ་གྱིས་བོགས་མར་བརྒྱུད་གཏོང་བྱས་པའི་བྱ་སྤྱོད25ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཡུལ་དངོས་སུ་ཁང་པ་ཕྱིར་སྤྲོད་པའི་བརྡ་ཡིག་དང་ཁང་པ་ཕྱིར་བསྡུ་བ།ཡིད་རྟོན་དོ་དམ་མ་ལག་ནང་དུ་བཞག་ནས། དེ་དང་མཉམ་དུ་གླ་དངུལ་སྒོར་ཁྲི5.52བླངས་པ་དང་། ཁང་པ25གསར་དུ་བགོས་ནས། སྡོད་ཁང་ཐོན་ཁུངས་དྲང་སྙོམས་ངང་བགོ་བཤའ་རྒྱག་པར་འགན་སྲུང་བྱས་ཤིང་། ཁྱིམ་ཚང་གིས་ཁྲིམས་མཐུན་གྱི་སྡོད་ཁང་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས་ཏེ། སྡོད་ཁང་འགན་སྲུང་གི་སྲིད་ཇུས་ལ་མཁོ་བའི་མི་ཚོགས་ལ་དངོས་སུ་ཕན་པ་ཐོབ་པར་འགན་ལེན་བྱས།

རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱས་རྗེས་དོ་དམ་སྟེགས་བུར་ནང་འཇུག་བྱས་མེད་པའི་མི་སྣས་ཁང་པའི་སྒོ་ཕྱེ་མི་ཐུབ་པས། གཞན་ལ་གླ་བ་དང་གཡར་མི་ཐུབ་ཞེས་ཆའོ་ཀྲོའུ་ཡིས་གསར་འགོད་པར་དེ་ལྟར་བཤད་པ་རེད།

ཐེངས་འདིར་རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱས་ཏེ་ངོ་རིས་ངོས་འཛིན་དང་རྒྱང་ཁྲིད་དབང་སྤྲོད་སོགས་རིག་ནུས་ལག་རྩལ་བེད་སྤྱོད་བྱས་པ་བརྒྱུད་གྲོང་མིར་ལྡེ་མིག་མེད་པར་སྟབས་བདེའི་ངང་ཤར་བགྲོད་ཐུབ་པ་དང་། རྒྱུན་འགལ་གྱིས་ཟྭ་ཕྱེ་ན་ཉེན་བརྡ་གཏོང་བ་སོགས་ཀྱི་བྱེད་ནུས་ལྡན་པས་སྡོད་ཁང་གི་བདེ་འཇགས་ལའང་འགན་སྲུང་བྱས་ཡོད། རྗེས་མཐུད་ཁང་པའི་ལྟ་སྐུལ་དོ་དམ་དང་བོགས་དངུལ་བསྡུ་ལེན་སོགས་དོ་དམ་བྱ་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་དེ་མིས་བདེ་འཇགས་དོགས་ཟོན་ལག་རྩལ་རིགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་། མིག་སྔའི་བར་དུ། རིག་ནུས་སྒོ་ཟྭ2200ལྷག་ཙམ་སྒྲིག་སྦྱོར་བྱས་པ་དང་། སྔོན་དཔག་ལྟར་ན་ཟླ8པའི་ཟླ་མཇུག་ཏུ་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་རྒྱུ་རེད། གསར་འགོད་པས་ངོ་རིས་ངོས་འཛིན་ལས་གཞན་ད་དུང་བྱེད་སྟངས་གཞན་ཡོད་དམ་ཞེས་དྲིས་པ་ན། ཆོ་ཀྲོའུ་ཡིས་ད་དུང་དུས་མཚུངས་སུ་བྱང་བུ་དང་ལྡེ་མིག་བཀོད་སྒྲིག་བྱས་ཡོད་མོད། འོན་ཀྱང་འདི་ནི་དམིགས་བསལ་གྱི་གནས་ཚུལ་ལ་དམིགས་པ་ཡིན་པས་ཞིབ་བཤེར་ཆོག་ཆེན་ཐོབ་དགོས་ཟེར།

མཛུབ་རིས་ཀྱིས་སྒོ་འབྱེད་ཐུབ་བམ། མཛུབ་རིས་ཀྱིས་སྒོ་ཟྭ་ཕྱེ་པའི་བྱེད་ནུས་མེད། ང་ཚོས་དུས་མགོའི་དམངས་ཀྱི་འདོད་བློ་བརྟག་དཔྱད་བྱེད་སྐབས་སྡོད་མི་མང་པོ་ཞིག་གིས་སྒོ་ཟྭ་ཕྱེ་ན་བདེ་འཇགས་མིན་པས། ཁྲིམས་འགལ་མི་སྣས་མཛུབ་རིས་འཚོལ་བསྡུ་བྱས་ནས་སྒོ་འབྱེད་ཐུབ་པ་རེད་ཟེར།

རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱེད་པའི་གྲོན་དངུལ་གྱི་གནད་དོན་ལ་གསར་འགོད་པས་བཅར་འདྲི་དང་ལེན་བྱས་པའི་ཁྱིམ་ཚང་ཞིག་གིས་འདི་ནི་རིན་མེད་རེད་ཟེར།

འདི་ནི་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་ཆེ་བའི་དམངས་ཚིས་ལས་གཞི་ཐག་གཅོད་བྱས་པ་དང་། ཅུའུ་ཡིས་ཆེད་དོན་མ་དངུལ་རེ་ཞུ་བྱས་ནས་ལས་གཞི་ཧྲིལ་བོར་མ་དངུལ་སྒོར་ཁྲི283བཏང་ཡོད་པས། ཁྱིམ་ཚང་གིས་དངུལ་སྤྲོད་མི་དགོས་ཞེས་ཆོ་ཀྲོའུ་ཡིས་བཤད།

རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་བྱས་རྗེས་ད་དུང་དུས་མཇུག་གི་སྲུང་སྐྱོང་ཉམས་གསོར་ཐུག་ཡོད། ལས་སྐྲུན་ཕྱོགས་ཀྱི་འགན་འཁུར་བ་ཀྲུའུ་ཏུ་ཨན་གྱིས་ཀུང་ཟིས་འགན་འཁུར་རྒྱུ་ཡིན་པ་དང་། ལས་གཞི་ཧྲིལ་བོ་ལེགས་འགྲུབ་བྱུང་རྗེས་མ་ལག་དེ་སྡོད་ཁང་འཛུགས་སྐྲུན་ཅུའུ་ལ་རྩིས་སྤྲོད་བྱས་ནས། ལག་རྩལ་གྱི་གནད་དོན་དང་སྲུང་སྐྱོང་བྱ་དགོས་ཚེ་དུས་ཐོག་ཏུ་ཐག་གཅོད་བྱ་ཐུབ།

ཐེངས་འདིའི་རིག་ནུས་སྒོ་ཟྭ་སྒྲིག་སྦྱོར་ལས་གཞི་ནི་གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་རིག་ནུས་ཅན་གྱི་དོ་དམ་ལ་ཤུགས་སྣོན་དང་འགན་སྲུང་ཁང་པའི་དོ་དམ་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པའི་མཚོན་ཚུལ་ཞིག་རེད། གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་རིག་ལྡན་སྡོད་ཁང་འཛུགས་སྐྲུན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། གྲངས་འཛིན་བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་ཆེར་གཏོང་བ། དོ་དམ་གྱི་ནུས་པ་དང་ཞབས་ཞུའི་སྤུས་ཚད་ཇེ་བཟང་དུ་བཏང་ནས་སྡོད་ཁང་དང་ཁྱིམ་ཚང་ལ་སྔར་ལས་བདེ་འཇགས་དང་དྲོད་སྐྱིད་ལྡན་པ། སྟབས་བདེ་ཡིན་པ་བཅས་ཀྱི་སྡོད་ཁང་ཁོར་ཡུག་སྐྲུན་པར་འགན་སྲུང་བྱས་ཡོད། །

གསར་འགོད་པ། དོན་འགྲུབ་སྒྲོལ་མ། བུ་མོ་མཆོག  སངས་རྒྱས་ཚེ་བརྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།