དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེར་ཕྱོགས་བཞི་ནས་ནུས་ཤུགས་འདོན་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ7པའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་གྱི་བརྡ་ཁྱབ་ཚོགས་འདུ་འཚོགས་ནས《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིའི(2025ལོ་ནས་2027ལོ་བར)》འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

གསར་འགོད་པས་དབང་པོ་སྐྱོན་ཅན་ལས་ཞུགས་ནི་ཁོང་ཚོ་འདྲ་མཉམ་ངང་སྤྱི་ཚོགས་ནང་ཞུགས་པ་དང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་འགན་སྲུང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོ་ཁུར་བྱེད་ཀྱིན་ཡོད། དབང་པོ་སྐྱོན་ཅན་ནི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་པ་ཞིག་ཡིན་པས། ལས་ཞུགས་ལས་དོན་གྱི་གཙོ་གཉེར་ལས་ཁུངས་ཞིག་ཡིན་པའི་ངོས་ནས་རེས་སྐོར་འདིའི་ལོ་གསུམ་གྱི་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་བྱ་བའི་བྱེད་ཐབས་ངོ་སྤྲོད་གནང་རོགས་ཞེས་བཤད། 

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སིའི་འགན་འཁུར་བ་ཡུན་ཏུང་ལའེ་ཡིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་ཚིས་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། དྲང་གཞག་དྲང་བདེན་དང་འབྲེལ་བ་ཡོད། ཐོག་མཐའ་བར་གསུམ་དུ་རིམ་པ་ཁག་གི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དབང་པོ་སྐྱོན་ཅན་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་བསྟུན་ནས་རང་འགུལ་ངང་མདུན་དུ་འགན་འཁུར་དང་། བྱ་བའི་བྱེད་ཐབས་གསར་གཏོད། བྱ་བའི་འགན་འཁྲི་དམ་ཟབ་བཅས་བྱས་ཏེ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ཡོད།

དུས་ཐེངས་གཉིས་པའི་ལོ་གསུམ་ལག་བསྟར་ཇུས་གཞིའི་ནང་ཞིབ་ཕྲའི་ལག་བསྟར་བཅུ་ཁ་གསལ་བཟོས་ཡོད་པ་དེ་ནི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་རྒྱུན་མཐུད་ནུས་ཤུགས་ཤིག་ཡིན་ལ། ཞབས་ཞུའི་འགན་སྲུང་གི་སྤུས་ཚད་རིམ་སྤོར་ཇེ་མཐོར་བཏང་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྔོན་གྱི་ལས་ཀའི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་ལས་གནས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་། ཞབས་ཞུའི་འདེགས་སྐྱོར་བྱེད་པ། གསོ་སྦྱོང་ནུས་པ་སྤྲོད་པ། ཁེ་དབང་འགན་སྲུང་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཤམ་གྱི་ཕྱོགས་འགའི་ལས་དོན་གཙོ་གནད་ཐོག་ཡག་པོ་སྤེལ་རྒྱུ་ཡིན་པ་སྟེ།

གཅིག་ནི“སྙོམས་སྒྲིག་རང་བཞིན”མངོན་གསལ་ཇེ་དོད་དུ་བཏང་ནས་དབང་པོ་སྐྱོན་ཅན་དང་འཚམ་པའི་ལས་ཞུགས་ལས་གནས་སྔར་ལས་མང་པོ་སྔོག་འདོན་བྱེད་དགོས། ས་གནས་ཁག་དང་སྡེ་ཁག་ཁག་གིས་དོན་ལས་ལས་ཁུངས་སུ་ཡོངས་བསྒྲགས་ངང་འབྲིང་རིམ་ཆེད་ལས་ཚན་ཁག་གི་ལས་གནས་བཙུགས་ནས་དབང་པོ་སྐྱོན་ཅན་གདན་ཞུ་བྱེད་པར་མཛུབ་ཁྲིད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྣེ་ཁྲིད་ནས་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་དབང་པོ་སྐྱོན་ཅན་དང་འཚམ་པའི་ལས་ཞུགས་ལས་གནས་སྔར་ལས་མང་བ་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱིས་དྲ་སྦྲེལ་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་བྱ་རྒྱུར་སྐུལ་མ་གཏོང་བ། དབང་པོ་སྐྱོན་ཅན་ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། ལས་གཏོད་གསོ་སྦྱོང་དང་། ལས་གཏོད་ཞབས་ཞུ། ལས་གཏོད་གསོ་སྐྱོང་། ལས་གཏོད་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས་ལས་གཏོད་ཀྱི་“བྱ་བ་གཅིག་”ནུས་ཆེའི་སྒོ་ནས་ལེགས་སྒྲུབ་བྱེད་པ་ཁྱབ་སྤེལ་བཏང་ནས་དབང་པོ་སྐྱོན་ཅན་གྱི་རང་བདག་ལས་གཏོད་ལ་རྒྱབ་སྐྱོར་བྱ་དགོས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་ལག་བསྟར་བྱས་ཏེ། ཚོང་ར་ཅན་གྱི་ཐབས་ལམ་བརྒྱུད་ནས་དངོས་གནས་ལས་ཞུགས་མངོན་འགྱུར་བྱེད་ཐབས་བྲལ་རིགས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་དགོས།

གཉིས་ནི“དམིགས་སའི་རང་བཞིན”འབུར་དུ་ཐོན་པར་བྱེད་དགོས། དབང་པོ་སྐྱོན་ཅན་ལ་སྔར་ལས་སྙིང་ཉེ་བའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་4400ལྷག་དང་གླ་མ་ཚོང་ར8900ལྷག་ཙམ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་“འགྲམ་དུ་”ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་སྤེལ་བ་དང་ཆེད་དམིགས་གདན་ཞུའི་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་དེ་དུས་ཐོག་ཏུ་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣར་ངོས་འཛིན་བྱེད་པ་དང་། ལས་ཞུགས་རོགས་སྐྱོར་ཇུས་གཞི་“གཅིག་གི་གཅིག་ལ་ཁ་གཏད”བཟོ་བ་དང་། དམིགས་སའི་རང་བཞིན་གྱི་ལས་རིགས་མཛུབ་ཁྲིད་དང་ལས་རིགས་ངོ་སྤྲོད་སོགས་ཞབས་ཞུའི་བྱེད་ཐབས་མཁོ་འདོན་བྱེད་དགོས། ལོ་རེའི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་དབང་པོ་སྐྱོན་ཅན་ལ་གཅིག་སྡུད་ཐོག་ལས་གནས་དང་ཞབས་ཞུ། སྲིད་ཇུས། དྲོ་སྐྱིད་བཅས་སྐྱེལ་གྱི་ཡོད། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོའི་ཞབས་ཞུ་བྱ་ཡུལ་་གཙོ་བོར་བརྩིས་ནས་དུས་མཚམས་གཙོ་བོར་དམིགས་ཏེ་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཚོགས་སྤྱིར་གཅིག་བསྡུས་རོགས་སྐྱོར་བྱ་རྒྱུ་རེད།

གསུམ་ནི“ཕྱོགས་སྟོན་རང་བཞིན”འབུར་དུ་ཐོན་པར་བྱེད་དགོས། དབང་པོ་སྐྱོན་ཅན་གྱིས་ལག་རྩལ་གཅིག་གི་ཡོན་ཏན་ལ་བརྟེན་ནས་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས། ད་ལོ་ནས་བཟུང་བསྟུད་མར་ལོ་གསུམ་རིང་“རྩལ་ནུས་ཀྱིས་མདུན་ལམ་གསལ་པའི”གསོ་སྦྱོང་འགུལ་སྐྱོད་སྒྲིག་འཛུགས་ལག་བསྟར་བྱས་ཏེ། དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱི་གཙོ་བོར་ཕྱོགས་ནས་“ལས་གནས་དགོས་མཁོ་+རྩལ་ནུས་གསོ་སྦྱོང་+རྩལ་ནུས་གདེང་འཇོག་+ལས་ཞུགས་ཞབས་ཞུ”བཞི་གཞི་གཅིག་ཅན་གྱི་རྣམ་གྲངས་ཅན་གྱི་གསོ་སྦྱོང་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ།གསོ་སྦྱོང་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ།དབང་པོ་སྐྱོན་ཅན་གྱི་རྩལ་ནུས་ལས་ཞུགས་དང་རྩལ་ནུས་ཤེས་ལྡན་མི་སྣར་འགྱུར་བར་རོགས་རམ་བྱེད་དགོས། ལས་རིགས་རྩལ་ནུས་འགྲན་བསྡུར་བྱེད་སྒོ་གཉེར་བ་བརྒྱུད་དབང་པོ་སྐྱོན་ཅན་ལ་རྩལ་ནུས་སྦྱོང་བརྡར་དང་ཉམས་འགྱུར་མངོན་པར་བྱེད་པའི་གར་སྟེགས་བསྐྲུན་པ་དང་2027ལོར་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་བརྒྱད་པ་སྒྲིག་འཛུགས་བྱས་ནས་ཁོང་ཚོས་རྩལ་ནུས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མདུན་ལམ་གསར་གཏོད་དང་གཟི་བརྗིད་ལྡན་པའི་མི་ཚེ་གྲུབ་འབྲས་ཐོབ་པར་རོགས་རམ་བྱ་རྒྱུ་རེད།

བཞི་ནི“དྲང་སྙོམས་རང་བཞིན”འབུལ་དུ་ཐོན་པར་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་བ་བྱ་དགོས། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཁེ་དབང་འགན་སྲུང་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལྟ་ཞིབ་ཁྲིམས་འཛིན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་ཐེར་འདོན་དང་ཞུ་གཏུག་བྱེད་པའི་ཐབས་ལམ་བགྲོད་མེད་དུ་བཏང་ནས་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་བཀག་ལྟར་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་ལམ་གཙང་བཤེར་དག་ཐེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་།མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།