ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས16ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས། བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རྒྱུན་སྐྱོང་བ་དང་། ཚད་མཐའི་བསམ་གཞིགས་བརྟན་པོ་བཙུགས་ཏེ་ཞོད་འགོག་དང་གནོད་སེལ་གྱི་འཐབ་འཛིང་མཐའ་གཅིག་ཏུ་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་བསྟན་དོན། མིག་སྔར། རང་ཞིང་ཞོད་འགོག་གི་འགག་རྩའི་དུས་རིམ་དུ་གནས་ཡོད། ཉེ་ལམ་ས་ཆ་མང་པོར་གློ་བུར་དུ་ཆར་འབབ་པ་དང་།   མཚན་མོར་འབབ་ཞོད་ཆེ་བ། ས་ཆ་ལ་ལར་ཆར་ཆེན་པོ་འབབ་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པས། ཆུ་བོ་འབྲིང་ཆུང་གི་ཆུ་རྒྱས་པ་དང་། ཆུ་ལོག རི་ཉིལ་བ། འདམ་ཟེགས་སོགས་ཞོར་ཐོན་གནོད་འཚེ་འབྱུང་སླ་བས། ཞོད་འགོག་བྱ་བ་ལེགས་པར་བསྒྲུབ་པའི་གལ་ཆེའི་རང་བཞིན་དང་ཞོད་འགོག་གནོད་སེལ་གྱི་ཛ་དྲག་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་དགོས་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། གནད་དོན་ལ་ཕྱོགས་ཡོངས་ནས་བསམ་བློ་གཏོང་བ་དང་འཆར་གཞི་སྔར་ལས་ཞིབ་ཚགས་བཟོས་ཏེ།  བྱེད་ཐབས་ཆེས་སྔོན་དུ་ལག་བསྟར་བྱས་ནས་ཞོད་འགོག་དང་གནོད་སེལ་གྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་ནས།  ཉེན་ཟོན་ཆེན་པོ་དང་དུས་ཚོད་དམ་འཛིན་གྱིས་རྒྱུན་རྣམ་ཅན་གྱི་ཞོད་འགོག་གྲ་སྒྲིག་བྱ་བ་མུ་མཐུད་ལེགས་པོར་སྒྲུབ་དགོས། ཉེན་བརྡ་བཏང་བའི་ས་ཁུལ་གཙོ་བོ་དག་གིས་མྱུར་དུ་གནས་སྐབས་གཡུལ་ཐབས་ཀྱི་རྣམ་པས། ཞོད་འགོག་དུས་སྐབས་ཀྱི་ཕྱོགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་དགོས། བདེ་འཇགས་སྔོན་འགོག་གི་བྱེད་ཐབས་མགྱོགས་མྱུར་སྒོས་དངོས་འབེབས་བྱས་ཏེ། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཉེན་ཁར་གྲལ་བཤེར་བྱེད་པ་དང་། འཕྲལ་མར་ལག་བསྟར་བྱེད་པ་བཞི་ཡི་བླང་བྱ་ལྟར། ཕྱི་རོལ་གྱི་ཨར་ལས་བཟོ་སྐྲུན་ས་ཁུལ་དང་། ལྗོངས་ཁུལ་གྱི་ཞག་སྡོད་ས་གནས། གྲོང་གསེབ་ཡུལ་སྐོར་ལྟེ་བ། དབྱར་ས། ཆུ་འགྲམ་དང་བྲག་གཟར་མོའི་འགྲམ་ངོགས་ཀྱི་ལམ། རི་ཉིལ་སླ་བའི་གནོད་ཁུལ་གཙོ་བོ་བཅས་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱས་ནས་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་བྱེད་དགོས། ལས་རེས་བརྟན་སྲུང་དང་ཆ་འཕྲིན་སྐྱེལ་སྤྲོད་ལ་ཤུགས་སྣོན་པ་དང་། བོས་མ་ཐག་བརྡ་ལན་ཡོད་པའི་བྱ་བའི་རྐྱེན་སྲོལ་ལག་བསྟར་གཟབ་ནན་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་གཡོལ་གནས་སྤོར་བྱས་ཏེ། གནས་སྤོ་དགོས་པ་དག་སྔ་མོ་ནས་སྤོ་བ་དང་། མྱུར་དུ་སྤོ་བ། ཡོད་ཚད་སྤོ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། འགན་ཁུར་མཐའ་གཅིག་ཏུ་བརྟན་པོ་དང་དམ་འཛིན་བྱས་ནས། ཞོད་འགོག་ཁོངས་གཏོགས་ས་ཁུལ་གྱི་འགན་ཁུར་གཙོ་བོ་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དཀྲི་བྱས་ཏེ། རིམ་པ་སོ་སོར་གནོན་ཤུགས་དང་འགན་འཁྲི་དངོས་འབེབས་བྱེད་པར་སྣེ་ཁྲིད་བྱས་ནས། སྟོད་སྨད་རྒྱུད་དང་ངོགས་གཉིས་སུ་ཆ་འཕྲིན་བརྒྱུད་སྒྲོག་གི་ལམ་ལུགས་དངོས་འབེབས་བཟང་པོ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་དང་ཁྱད་པར་དུ་འགོ་ཁྲིད་གཙོ་བོ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་བཀོད་འདོམས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་ཀྱིས་གདོང་མཆོང་བྱས་ཏེ། ཞོད་འགོག་དང་གནོད་སེལ་གྱི་འཛིང་རགས་བརྟན་པོར་བསྐྲུན་དགོས།

གྲོས་ཚོགས་སྟེང། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་།    ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཞོད་འགོག་བྱ་བའི་གནས་ཚུལ་སྙན་ཞུ་བྱས།

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཁྲིན་ཅི་ཝེ་བཅས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་ཡང་ན་གྲོང་ཁྱེར་སོ་སོའི་བཀོད་འདོམས་ལྟེ་གནས་ཀྱི་བཀོད་གཏོང་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།