མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལམ་བུ་འཚོལ་ཞིབ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཉེ་ལམ།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་རོགས་རམ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་ཞུགས་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་ཐབས་ཤེས་གང་མང་སྤྱད་ནས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལམ་བུ་སྲུང་སྐྱོབ་བྱས།

ལས་རིགས་འཆར་འགོད་ལ་ཤུགས་སྣོན་རྒྱག་པའི་ཐད་ནད་ལས་རིགས་འཆར་འགོད་སློབ་གསོ་དེ་མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་འདྲེས་པར་བྱས་ནས། ལས་རིགས་འཆར་འགོད་སློབ་གསོ་དང་ལས་ཞུགས་མཛུབ་སྟོན་སློབ་ཚན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འདུ་ཤེས་མུ་མཐུད་དུ་མཐོ་རུ་བཏང་།  མཛུབ་སྟོན་སློབ་གྲྭས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མར་མི་གཅིག་ལ་ཡིག་ཚགས་གཅིག་དང་མི་གཅིག་ལ་ཐབས་ཇུས་གཅིག་གི་རོགས་སྐྱོར་བྱ་བའི་རྩིས་ཐོ་འཛུགས་པར་མཛུབ་སྟོན་བྱས་ཏེ།  ཁ་གཏད་རོགས་སྐྱོར་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས།  མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དང་ལས་ཞུགས་བྱས་མེད་པའི་ཁྱིམ་ཚང་སོགས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མར་དམིགས་ཏེ་སྤུས་ཚད་མཐོ་བའི་ལས་གནས3ནས5བར་གྱི་ཆ་འཕྲིན་འདོན་སྤྲོད་བྱས་ནས། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་གྲྭའི་ནང་དུ་སྣུར་སྲིང་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དྲིལ་སྒྲོག་དང་གདན་ཞུའི་ཞབས་ཞུ། ལས་ཞུགས་མཛུབ་སྟོན། ལས་སྐྲུན་ཞབས་ཞུ། ལས་རིགས་གསོ་སྦྱོང་། དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པ་སོགས་སློབ་རའི་བྱ་འགུལ་སྤེལ་ནས། མཐོ་རིམ་མཐར་ཕྱིན་སློབ་མར་ཉིན་རྒྱུན་ལྟར་གནད་ལ་འཁེལ་བའི་འབྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས།  2025ལོར་སློབ་མཐར་ཕྱིན་པ་དང་ ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་བྱས་ཏེ། ལས་ཞུགས་ཐོ་འགོད་དང་བཅར་འདྲི་རྩད་གཅོད་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མའི་མིང་དངོས་ཀྱི་རྩིས་ཐོ་འཐུས་ཚང་དུ་བཏང་ནས་འགུལ་རྣམ་རྗེས་འདེད་དང་། རིགས་དབྱེ་ཇུས་འགོད། དུས་ལྟར་འཚམས་འདྲི་བྱེད་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཉུང་མཐར་ཡང་སྲིད་ཇུས་དྲིལ་སྒྲོག་ངོ་སྤྲོད་ཐེངས་གཅིག་དང་། ལས་རིགས་མཛུབ་སྟོན་ཐེངས་གཅིག  ལས་གནས་འོས་སྦྱོར་ཐེངས་གསུམ། གསོ་སྦྱོང་དང་དངོས་སྦྱོང་གི་གོ་སྐབས་ཐེངས་གཅིག་སོགས་ལས་ཞུགས་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས།

དེ་མིན་རིམ་པ་སོ་སོའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཞིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་དང་འཕྲོད་པའི་ལས་ཞུགས་ཆ་འཕྲིན་བསྡུ་རུབ་བྱས་ནས། ཕྱོགས་ཡོངས་ནས་ལས་རྐང་མཚམས་སྦྱོར་དང་སྲིད་ཇུས་བློ་འདྲི། ལས་ཞུགས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།