ཟླ7པའི་ཚེས15ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་བདུན་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥུང་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་ལིའུ་ཐུང་ཏི་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་དང་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་སོགས་བྱེ་བྲག་གི་བླང་བྱར་དམིགས་ནས། སློབ་སྦྱོང་མཐིལ་རྟོགས་ཐད་འབད་བརྩོན་བྱེད་པ་དང་ཕན་འབྲས་བརྩོན་ལེན་བྱས་ཏེ། ཆབ་སྲིད་ཀྱི་ལྷག་བསམ་དངོས་གནས་ཇེ་བརྟན་དུ་བཏང་སྟེ། དམངས་ཆེན་བྱ་བ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐབས་ཇུས་དངོས་དང་བྱེད་ཐབས་དངོས་བཏོན་ནས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་འདེགས་བྱེད་དགོས། རང་ངོས་གསར་བརྗེའི་སྟེང་གདོང་ལེན་དང་མིག་དཔེ་སྟོན་པ། ཕྱོགས་ཡོངས་ནས་འགན་འཁྲིའི་ཕྲེང་འབྲེལ་ནན་དཀྲི་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཡོངས་སུ་ཁྱབ་པར་ཁག་ཐེག་བྱས་ནས། གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་སྲུང་འཛིན་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་ལྟ་ཞིབ་གནང་བ་དེས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་བྱ་བར་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་མཚོན་ལ། ཨུ་ཡོན་ཀྲང་གིས་མཚོ་སྔོན་འཕེལ་རྒྱས་དང་དམངས་ཆེན་བྱ་བར་ཐུགས་ཁུར་དང་རེ་སྒུག་ཟབ་མོ་བྱེད་བཞིན་པ་གསལ་པོར་བསྟན་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ལྟེ་བར་དམིགས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཁེ་དབང་སྤྱོད་པ་བཅས་བྱ་དགོས། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་དང་ལྟ་སྐུལ་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་ཤུགས་བསྣན་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་ཞབས་ཞུ་སྔར་ལས་ལེགས་པོ་སྒྲུབ་དགོས།