རྒྱལ་ཡོངས་སྲིད་གྲོས་ཀྱིས“སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དང་གསར་གཏོད”ཀྱི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས15ཉིན་པེ་ཅིང་དུ། “སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དང་གསར་གཏོད”ཀྱི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུར་བསྐྱོད་དེ། ཞི་བདེའི་ཀྲུང་གོ་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་བཏང་ནས།  མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་བྱས་ཏེ།  སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་གྱི་ལེ་ཚན་གསར་པ་མུ་མཐུད་དུ་བྲིས་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། ཏང་གིས་སྤྱི་ཚོགས་བཅོས་སྐྱོང་བྱ་བར་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། མི་དམངས་ལྟེ་བར་འཛིན་པའི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་སྤོ་བར་སྐུལ་འདེད་གཏོང་དགོས་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ། གྲོས་མོལ་སྲིད་གླེང་དང་འགན་སྒྲུབ་ཇུས་འདོན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དང་གསར་གཏོད་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཞི་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན100ལ་ཉེ་བ་ཞིག་ཚོགས་འདུར་ཞུགས་ཡོད་ཅིང་།    རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་རྟོག་ཞིབ་གནས་ཚུལ་ངོ་སྤྲོད་བྱས་ལ། སྲིད་གྲོས་ཨུ་ཡོན22ཀྱིས་གཏམ་བཤད་དེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ནས་གྲོས་མོལ་ཇུས་འདོན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས།   དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པར་མ་ཟད། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་གྱིས་སྔ་དྲོའི་ཚོགས་འདུར་འགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོར་ཉན་ཏེ་སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།