མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་བྱུང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁ་རིམ་བརྩེགས་དང་ལྷག་པར་དུ་འབྲུབ་འགོག་གི་འགག་རྩའི་དུས་ཡུན་འཆར་ཉེར་ཡོད་པས། མཚོ་སྔོན་ཞིང་ཆེན་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཟླ7པའི་ཚེས11ཉིན་སྣེ་ཁྲིད་ནས་སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲལ་སྡོམ་སོགས་མཉམ་འགུལ་ལས་ཁུངས15སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཞབས་འདེགས་འགན་སྲུང་གི་གྲོས་མོལ་ཚོགས་འདུ་འཚོགས་ཏེ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོ་ལ་ཁ་གཏད་གཅོག་པ་དང་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་མཉམ་འབྲེལ་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་མཚོ་སྔོན་གྱི་རང་བྱུང་གནོད་འཚེ་རིམ་བརྩེགས་འདྲེས་སྦྱོར་བྱེད་པའི་ཛ་དྲག་གི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་མཚམས་ཡིན་པས་ལས་ཁུངས་དང་ས་ཁོངས་བརྒལ་བ། འབྲེལ་ཐག་ཧྲིལ་པོ་བཅས་ལས་བརྒལ་བའི་འཕྲལ་སྡོམ་རོགས་སྐྱོབ་དང་མཉམ་སྒྲུབ་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས་གལ་ཆེན་པོ་ཡོད་ཅེས་བསྟན། འགྲན་སློང་གསར་པར་དམིགས་ནས། ཚོགས་འདུའི་ཐོག་གནད་ལ་འཁེལ་བའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་ཧུར་ཐག་བསྐྲུན་ནས“སྔོན་གྱི་ཉེན་བརྡ་མཉམ་གཏོང་དང་། དོན་དག་ཁྲོད་ཆེད་མཁས་པས་མཛུབ་ཁྲིད་བྱེད་པ། དོན་དག་རྗེས་ཀྱི་བསྐྱར་བཤེར་མཐོར་འདེགས་གཏོང་བའི”བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་འབྲེལ་ཐག་བསྐྲུན་རྒྱུ་དང་། གཅིག་གྱུར་གྱི་སྒྲིག་ཆས་བཀོད་གཏོང་ལམ་སྲོལ་བཙུགས་ནས་ལས་རིགས་ཀྱི་ཐོན་ཁུངས་ལ་བརྟེན་ནས“དུས་རྒྱུན་དུ་སྔོན་གསོག་སྔོན་འཇོག་དང་། དམག་འཁྲུག་སྐབས་གཅིག་གྱུར་བཀོད་སྒྲིག ཛ་དྲག་སྐབས་སུ་སྔོན་ལ་འགན་སྲུང་བྱེད་པའི”དངོས་ཟོག་བཀོད་སྒྲིག་བྱེད་སྟངས་ཆགས་པ་དང་། ནུས་ཆེའི་མཉམ་སྒྲུབ་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་ཆེན་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་རྒྱུན་རྣམ་ཅན་གྱི་གྲོས་མོལ་ལམ་སྲོལ་བཙུགས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་འཕྲལ་སྡོམ་རོགས་སྐྱོབ་མཉམ་སྒྲུབ་འགན་སྲུང་སྔོན་འགོད》གཏན་འབེབས་དོན་འཁྱོལ་བྱས་ནས་བརྒྱུད་རིམ་སྲ་བརྟན་དུ་གཏོང་བ། དངོས་འཐབ་སྦྱོང་བརྡར་དང་སྦྱོང་བརྡར་མཉམ་འདྲེས་ལམ་སྲོལ་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་ལས་ཁུངས་མཉམ་འབྲེལ་ནང་སྦྱོང་གཏིང་ཟབ་ཞུགས་པར་བརྟེན་ནས་རོགས་སྐྱོབ་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས་མཐུན་སྦྱོར་ཕན་ནུས་ཆེ་རུ་གཏོང་དགོས།
ཚོགས་ཞུགས་ལས་ཁུངས་ཀྱིས་ཆ་འཕྲིན་མཉམ་སྤྱོད་དང་མགྱོགས་མྱུར་དང་ལེན་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད། མཚོ་བོད་མཐོ་སྒང་གི་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོའི་རོགས་སྐྱོབ་མཉམ་ལས་ནང་སྦྱོང་དང་དམག་འཁྲུག་འགན་སྲུང་མ་ལག་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས། ཕྱོགས་ཁག་གིས་ཐེངས་འདིའི་གྲོས་མོལ་གོ་སྐབས་སུ་བརྩིས་ནས་ནུས་ཤུགས་གཅིག་སྒྲིལ་དང་ལས་བགོས་ཞིབ་ཕྲ་བྱས་ཏེ་ལམ་སྲོལ་བཞི་དོན་ཐོག་ཏུ་འགྲོ་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ཕན་འབྲས་ཐོན་ཏེ་མཚོ་སྔོན་གྱི་གནོད་འཚེ་ཆེན་པོ་དང་ཉེན་ཁ་ཆེན་པོར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།