མཚོ་སྔོན་གྱིས་ཇུས་གཞི་བཏོན་ནས་འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ་། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་འཛུགས་སྐྱོང་གནས་ཚུལ་གྱི་ཡོངས་བསྒྲགས་གསར་འགྱུར་སྟེང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཀྲུའུ་ཙེང་ཧུང་གིས《མཚོ་སྔོན་ཞིང་ཆེན་གྱིས་འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་གསར་འཛུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི(2025ལོ་ནས2027ལོ་བར)》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུས་རྒྱུ)ངོ་སྤྲོད་ཞིབ་ཕྲ་གནང་།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དེ་བཞིན་རྒྱལ་ཁབ་ནད་འགོག་ཚོད་འཛིན་ཅུའུ་སོགས་ལས་ཁུངས་དགུའི་མཛུབ་ཁྲིད་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་མ་ལག་འཐུས་ཚང་དུ་གཏོང་ཆེད་ཞིང་ཆེན་ནད་འགོག་ཚོད་འཛིན་ཅུའུ་ཡི་ལས་ཁུངས་མང་པོ་དང་མཉམ་དུ《ལག་བསྟར་ཇུས་གཞིའི》འཆར་ཟིན་བཀོད་པ་དང་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་དང་རྒྱལ་ཁབ་ནད་འགོག་ཚོད་འཛིན་ཅུའུ་ཡིས་ཞིབ་བཤེར་བྱས་རྗེས་པར་འགྲེམས་བྱས་པ་དེ་མཚོ་སྔོན་ལ་འཕྲད་སྒོ་མང་པོ་དང་། ཚུར་སྣང་མྱུར་བ། ཚན་རིག་དང་ནུས་ཆེའི་འགོས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་མ་ལག་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན།

《ལག་བསྟར་ཇུས་གཞི》ལ་སྤྱིའི་དམིགས་འབེན་དང་། ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཅས་ཁག་ཆེན་པོ་གསུམ་དུ་དབྱེ་ཡོད། སྤྱིའི་དམིགས་ཚད་ལོ་གསུམ་ལ་བགོས་ནས་ལག་བསྟར་བྱ་རྒྱུ་སྟེ། 2025ལོར་འཛུགས་སྐྲུན་ལས་དོན་སྤེལ་འགོ་ཚུགས་ནས་ས་ཁུལ་དང་ཁྱབ་ཁོངས་གཙོ་བོའི་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། 2026ལོར་ཚོད་ལྟའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་ཟད་ད་དུང་ཞིང་ཆེན་ཡོངས་སུ་ཁྱབ་གདལ་གཏོང་བ། 2027ལོར་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ནས་རིམས་ནད་སྔ་ཙམ་རྒྱུས་ལོན་དང་། ཞིབ་འཇུག་བརྡར་གཅོད་དང་སྔོན་བརྡ་གཏོང་བའི་ནུས་པ་རྒྱལ་ཁབ་ཀྱི་བླང་བྱ་དང་མཐུན་པར་བྱ་དགོས།

ལས་འགན་གཙོ་བོའི་ནང་ཕྱོགས4ལ་ཁྱོན་དོན་ཚན17ཚུད་ཡོད་པ་དང་ཐབས་ལམ་མང་པོའི་ལྟ་ཞིབ་ཚད་ལེན་གྱི་ལས་འགན་དེ་འགོས་ནད་ཀྱི་རིམས་ནད་སྙན་ཞུའི་དོ་དམ་མ་ལག་ཇེ་ལེགས་སུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དྲ་བ་སྣ་ཚོགས་འཛུགས་པ། ཉེན་ཁ་དཔྱད་དཔོག་སྔོན་ཚུད་ཉེན་བརྡ་སོགས་དང་འབྲེལ་བ་ཡོད་པ་དང་། བློ་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ལས་འགན་ནང་ཞིང་ཆེན་གྱི་གཅིག་གྱུར་འཆར་འགོད་ས་ཁོངས་ཀྱི་འགོས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་དང་འཕྲལ་སྡོམ་བཀོད་འདོམས་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་ལྟ་ཞིབ་ཚད་ལེན་དང་རིག་ནུས་ཅན་གྱི་ཉེན་ཟོན་ཉེན་བརྡ་སྔོན་དཔག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་ནུས་པའི་ལས་འགན་ལ་ཤུགས་སྣོན་བྱེད་པ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་དཔུང་ཁག་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ནུས་པ་འཛུགས་སྐྱོང་ལ་མདོ་འདུ་བྱེད་པ། ཞིབ་འཇུག་བརྡར་གཅོད་དང་སྔོན་བརྡ་གཏོང་བའི་དུས་ནུས་ཆེ་རུ་གཏོང་བའི་ལས་འགན་དེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་ལུགས་འཐུས་ཚང་དང་། འགན་འཁྲི་ཁ་གསལ་བཟོ་བ།འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་དང་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་སྤེལ།

མ་འོངས་ལོ་གསུམ་ནང་མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ་ལག་བསྟར་ལ་དམ་འཛིན་ནན་པོ་བྱས་ཏེ་འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།2027ལོར་སླེབས་སྐབས་དམིགས་ཚད་འགྲུབ་པར་འགན་སྲུང་བྱས་ཏེ་རིམས་ནད་སྔོན་ནས་ཤེས་རྟོགས་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱེད་པ། དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།