ཟླ7པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས14པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་སྐོར་གྱི་གནད་བཏུས་རེད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྒོ་འབྱེད་བྱས་ན་ཡར་ཐོན་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་སུ་ལུས་ངེས། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་པ་དང་། འཛམ་གླིང་གི་དར་རྒྱས་ཀྱང་ཀྲུང་གོར་བསྟེན་དགོས། མུ་མཐུད་དུ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། དེ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན། ཀྲུང་གོས་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་ངེས་པ་ལས་བཀག་སྡོམ་གཏན་ནས་བྱེད་མི་སྲིད།
རྩོམ་ཡིག་ལས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ཀྱི་སྒོ་འབྱེད་རྒྱ་མུ་མཐུད་དུ་ཆེ་རུ་གཏོང་དགོས། སྔོན་ཆད་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ཐོབ་པ་ཡིན་ལ། མ་འོངས་པར་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུ་དེས་ཀྱང་ངེས་པར་དུ་སྒོ་འབྱེད་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་བརྟེན་ནས་འཛམ་གླིང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགུག་དགོས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་ཀྱི་ཚོང་པས་མ་དངུལ་གཏོང་བ། ཕྱི་ཕྱོགས་སུ་མ་དངུལ་་གཏོང་བ་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཐོར་འདེགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྔར་མེད་གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་ལ་སྐུལ་ཏེ། སྒོ་འབྱེད་ཀྱི་རིམ་པ་སྔར་ལས་མཐོ་བ་དང་འགྱེད་འཕྲོའི་ནུས་པ་སྔར་ལས་ཆེ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ས་མཐོ་གསར་པ་བསྐྲུན་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ཇི་ལྟར་བྱས་ན་བདེ་འཇགས་ལ་དེ་ལྟར་དོ་སྣང་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་རང་སྟེང་གི་འགྲན་རྩོད་ནུས་ཤུགས་དང་ལྟ་སྐུལ་དོ་དམ་གྱི་ནུས་ཤུགས། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་ཤུགས་བཅས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་ཁྲིམས་སྐྱོང་གི་རྩ་བ་མུ་མཐུད་དུ་བརྟན་པོར་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་སྲིད་ཇུས་ལ་འགྱུར་མེད་ལ་འགྱུར་ཡང་མི་སྲིད། ཀྲུང་གོ་ནི་འཛམ་གླིང་གི་འཛད་སྤྱོད་ཁྲོམ་ར་ཆེན་པོ་གཉིས་པ་ཡིན་པ་དང་། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ཡོང་འབབ་འབྲིང་གྲས་ཀྱི་ཁྱུ་ཚོགས་ཡིན་ལ། དངུལ་གཏོང་དང་འཛད་སྤྱོད་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་པའི་ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་བྱ་བའི་མ་ལག་ཅུང་འཐུས་ཚང་ཞིག་ཆགས་ཡོད་ལ། དུས་ཡུན་རིང་པོར་ཆབ་སྲིད་ཀྱི་གནས་བབ་བརྟན་བརླིང་དང་སྤྱི་ཚོགས་བརྟན་བརླིང་ཡིན་པས། འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་བདེ་འཇགས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་སྔོན་ཆད་དང་ད་ལྟ། མ་འོངས་པ་བཅས་གང་ཡིན་ཡང་ཕྱི་རྒྱལ་གྱི་ཚོང་པའི་ཕུགས་བསམ་དང་བདེ་འཇགས། ཕན་པ་ཡོད་པའི་དངུལ་གཏོང་གི་དམིགས་ས་ཡིན་ངེས། ཀྲུང་གོ་དང་མཉམ་དུ་བསྐྱོད་པ་ནི་གོ་སྐབས་དང་མཉམ་དུ་བསྐྱོད་པ་ཡིན་པ་དང་། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་སང་ཉིན་ལ་ཡིད་ཆེས་བྱེད་པ་ཡིན་ལ། ཀྲུང་གོར་དངུལ་གཏོང་བྱེད་པ་ནི་མ་འོངས་པར་དངུལ་གཏོང་བྱེད་པ་ཡིན།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དངོས་ཡོད་བླང་བྱ་དང་ཚན་རྩལ་ཡར་ཐོན་གྱི་གྲུབ་འབྲས་དངོས་ཡིན། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་དྲག་པོ་འདོན་སྤྲོད་བྱས་པ་དང་། ཚོང་ཟོག་དང་མ་རྩ་འཁོར་རྒྱུག ཚན་རྩལ་དང་དཔལ་ཡོན་ཡར་ཐོན། རྒྱལ་ཁབ་སོ་སོའི་མི་དམངས་འགྲོ་འོང་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཛ་དྲག་ཏུ་ཕྱིན་པ་དང་། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་འགྲན་སློང་དྲག་པོར་འཕྲད་ཡོད། ཀྲུང་གོས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། འགོག་ར་རྩིག་པ་དང་ཕྲེང་འབྲེལ་གཅོད་པར་ངོ་རྒོལ་བྱེད་པ། ཕྱོགས་རྐྱང་བཀག་སྡོམ་དང་མགོ་གནོན་མཐར་ཐུག་ལ་ངོ་རྒོལ་བཅས་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འབད་བརྩོན་བཅས་བྱ་དགོས།