ནོར་སྲིད་པུའུ་ཡིས་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གནོད་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་བྱིན།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

གསར་འགོད་པས་ཚེས12ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ནོར་སྲིད་པུའུ་ཡིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ། ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་གནོད་འགོག་གནོད་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་བྱིན་ནས། ཧུའུ་པེ་དང་ཧུའུ་ནན། ཀོང་ཏུང་། ཀོང་ཞི། ཁྲུང་ཆིན། ཀུའེ་ཀྲོའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བདུན་གྱི་གནོད་ཐེབས་ས་ཁུལ་གྱིས་ཆུ་ལོག་དང་ཞོད་སྐྱོན། རྒྱ་མཚོའི་རླུང་འཚུབ་ཆེན་མོ་སོགས་ཀྱི་གནོད་འཚེ་ལ་ཁ་གཏད་འཇལ་བ་དང་། ཞིང་ལས་ཐོན་སྐྱེད་གནོད་སྐྱོབ་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས།

མ་དངུལ་དེས་གཙོ་བོར་ལོ་ཏོག་སོན་སྒྱུར་གསབ་འདེབས་དང་གནོད་སྐྱོན་ཐེབས་པའི་ཞིང་ལས་སྒྲིག་ཆས་ཉམས་གསོ་བྱེད་པ། ཞིང་ཁའི་ཆུ་རྐ་དང་འཁྱིལ་ཆུ་བཤང་བ་སོགས་ཀྱི་གནོད་སྐྱོབ་བྱེད་ཐབས་ཐད་ཁ་གསབ་འོས་འཚམ་བྱས་ནས། ཞིང་ལས་ཐོན་སྐྱེད་ཀྱི་གནོད་སྐྱོན་ཇེ་ཉུང་དུ་གཏོང་བ་དང་། སྟོན་འབྲུ་ལོ་ལེགས་འབྱུང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་རོགས་ཤུགས་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།