ཟླ7པའི་ཚེས12ཉིན་གྱི་སྔ་དྲོར། ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བསྡུས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་གནད་དོན་བཅོས་སྒྲིག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས་པར་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་དེ་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་བདག་སྐྱོང་པ་བཟང་བོ་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མིས་སེམས་སུ་ཟུག་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་བཟང་པོ་བླངས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་བྱ་བའི་རྩ་བ་དང་བླ་སྲོག་ཡིན་ཞིང་། སྐྱེ་ཁམས་རང་འགུལ་དང་ཆབ་སྲིད་རང་འགུལ། ལོ་རྒྱུས་རང་འགུལ་ཡིན་ལ། སྐྱེ་ཁམས་གཞན་དབང་ཡིན་པ་དང་ཆབ་སྲིད་གཞན་དབང་ཡིན་པ། ཁྱོན་ཡོངས་གཞན་དབང་བཅས་ཡིན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། ཚད་གཞི་མཐོ་བ་དང་ངེས་གནས་མཐོ་བའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་མུ་མཐུད་དུ་བསྐྲུན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྲིག་གི་དམིགས་འབེན་དང་དུས་ཚོད་ཀྱི་སྦྲེལ་ཚིགས་གཏན་འཁེལ་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལན་སྤྲོད་གནད་དོན་བཅོས་སྒྲིག་སྔར་ལས་ ནུས་ལྡན་སྒོས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་མ་ལག་ཉམས་གསོ་བཅོས་སྐྱོང་བྱེད་པར་སྔར་ལས་ཤུགས་བསྣན་ཏེ་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་གི་བཅོས་སྐྱོང་བྱ་བ་གཅིག་གྱུར་འཆར་འགོད་བྱས་ནས། སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་ཧྲིལ་པོའི་རང་བཞིན་དང་རྒྱུ་རྐྱེན་གཙོ་བོའི་བཅོས་སྐྱོང་སྡེ་ཁག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། གཞི་གཅིག་མཉམ་འགུལ་དང་མཐུན་སྦྱོར་མཉམ་སྐྱོང་བྱ་དགོས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་གྱི་དབྱེ་འབྱེད་ཚད་ལྡན་ཡིན་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལེན་རྒྱུར་སྐུལ་འདེད་གཏོང་བ། དམིགས་བསལ་གྱི་མཆོག་འཐུས་གཉེར་སྐྱོང་དང་། སྐྱེ་ཁམས་ཡུལ་སྐོར། ཞིང་པ་སྣེ་ཁྲིད་མཉམ་འགུལ་སོགས་ཚུལ་བསྒྱུར་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་ཕྱོགས་མང་མཉམ་རྒྱལ་མངོན་འགྱུར་བྱ་དགོས། སྔར་ལས་གཏིང་ཟབ་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
གྲོས་ཚོགས་ལས་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱས་ཚུལ་བཀོད་གཏོང་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུར་ཉན་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ལིའུ་ཆི་ཧྥན་དང་ཀྲང་ཅིན་ཀང་། ཚེ་རིང་ཐར། ཀྲུའུ་ཞང་ཧྥུན། ལིག་ཐའོ་བཅས་གྲོས་ཚོགས་སུ་ཞུགས།