ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གྲུབ་འབྲས་ཁྱབ་བསྒྲགས་ཚོགས་འདུ་ཧང་ཀྲོའུ་རུ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ད་ལོ་ནི་ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན་ལ།    ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅོ་ལྔ་རིང་གི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་དང་འགྲེམ་སྟོན་བྱེད་པ་དང་། མ་འོངས་པའི་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པར་རྒྱང་ལྟ་བྱ་ཆེད།   ཟླ7པའི་ཚེས11ཉིན། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་དང་། ཀྲེ་ཅང་ཉིན་རེའི་ཚགས་པར་གྱི་ཚགས་པར་ལས་རིགས་སྡེ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི“ཀྲེ་ཅང་དང་མཚོ་སྔོན་གྱིས་བརྩེ་སེམས་སྦྲེལ་བའི་ལོ་བཅོ་ལྔའི་རིང་། གཙང་པོ་དང་མཚོ་མོ་སྦྲེལ་ནས་ལེའུ་གསར་པ་འབྲི་བའི”ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྲུབ་འབྲས་ཁྱབ་བསྒྲགས་ཚོགས་འདུ་ཧང་ཀྲོའུ་རུ་བསྡུས།

བྱ་འགུལ་གྱི་ཡུལ་དངོས་སུ། ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅོ་ལྔའི་རིང་གི་ཕུན་སུམ་ཚོགས་པའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་འཐུས་མི་བཞི་ཡིས་ཁོ་ཚོ་དངོས་སུ་བརྒྱུད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས།

དེ་དང་ཆབས་ཅིག ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅོ་ལྔའི་རིང་གི་ཁྱབ་ཁོངས་ཆེན་པོ་བཅུ་ཡི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། དེ་སློབ་གསོ་དང་སྨན་བཅོས། རིག་གནས་ཡུལ་སྐོར། གྲོང་གསེབ་དར་སྤེལ་སོགས་གནད་འགག་གི་ཁྱབ་ཁོངས་མང་པོ་ཚུད་ཡོད།  ལོ་ངོ་བཅོ་ལྔའི་རིང་། ཀྲེ་ཅང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཐེར་འབུམ་གསུམ་དང་བྱེ་བ་དགུ་ས་ཡ་བརྒྱད་ལ་སླེབས་ཡོད་པ་དང་། རོགས་འཛུགས་ལས་གཞི407ལག་བསྟར་བྱས། ཐོན་ལས་ཀྱི་ལས་གཞི30ལྷག་ནང་འདྲེན་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། མཚོ་སྔོན་གྱི་དངོས་ཟོག་ཀྲེ་ཅང་གི་ཆེད་འཚོང་ཁང་དང་ཚོང་ར་མང་པོ་བཀྲམ་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་མགྱོགས་མྱུར་སྒོས་བསྐྲུན། ཀྲེ་ཅང་དང་མཚོ་ནུབ་འཕེལ་རྒྱས་ཀྱི་དོན་དངོས་ལ་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། རི་མཚོའི་མཐུན་སྦྱོར་རོགས་རེས་དེ་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་གི་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།

ཡུལ་དངོས་སུ་ད་དུང“མཉམ་དུ་ཕུགས་འདུན་སྐྲུན་ནས་ཀྲེ་ཅང་དང་མཚོ་སྔོན་གཉིས་ཀྱི་མ་འོངས་པ་གླེང་བ”ཞེས་པའི་སྐད་ཆ་བཤད་རེས་ཀྱི་རིམ་པ་སྤེལ་བ་དང་།  ཚོགས་ཞུགས་གྱི་སྐུ་མགྲོན་གྱིས་ཀྲེ་ཅང་གི་ཉམས་མྱོང་གིས་མཚོ་སྔོན་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་དང་།    ས་གནས་གཉིས་ཀྱི་མ་འོངས་མཉམ་ལས་ཀྱི་མངའ་ཁོངས་གསར་པ།    མཚོ་སྔོན་གྱི་སློབ་མ་འཚར་ལོངས་གྲོས་མོལ་སོགས་ཀྱི་བརྗོད་གཞི་ལ་དམིགས་ནས་བརྗེ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་ཏེ། ཀྲེ་ཅང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་མ་འོངས་མཐུན་སྦྱོར་འཕེལ་རྒྱས་ལ་རྩ་ཆེའི་བསམ་ཕྱོགས་དང་གྲོས་གཞི་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།