ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས10ནས་ཚེས11ཉིན་བར། ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིན་ཝུའུ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་དང་གྲོས་མོལ་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་གི་ཚབ་བྱས་ཏེ། ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་མཛུབ་སྟོན་བྱེད་པར་དགའ་བསུ་ཞུས་པ་དང་། ཧྲན་ཏུང་གིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།    ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མ་དངུལ་མང་པོ་བཏང་བ་དང་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་སྒོས་མངོན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་དྲོད་འཁོལ་ཚོར་དུ་བཅུག “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས།   ཞིང་ཕྱུགས་ལས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ནས།   ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗེ་རེས་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་པར་སྒྲུབས་ཏེ། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་གཉིས་ཕན་གྱི་ལེའུ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

ལིན་ཝུའུ་ཡིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་གྱིས་དུས་ཡུན་རིང་པོར་ཧྲན་ཏུང་འཕེལ་རྒྱས་ལ་རྒྱབ་སྐྱོར་རོགས་རམ་བྱས་པ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།     ཐེངས་འདིའི་རྟོག་ཞིབ་སློབ་སྦྱོང་ཁྲོད། ང་ཚོས་རབ་མཛེས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་དངོས་སུ་ཚོར་བྱུང་།    མཚོ་སྔོན་གྱི་ཉམས་མྱོང་བཟང་པོ་སྐོར་ཞིག་ལ་ཧྲན་ཏུང་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་།    རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལག་གདང་སྦྲེལ་ནས་དོན་འཁྱོལ་བྱས་ཏེ།    “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་སྦྱོང་བྱས་ནས།    འགན་འཁུར་ལག་བསྟར་དང་བཅོས་སྒྱུར་གསར་གཏོད་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རྒྱུན་མཐུད་བྱ་བ་ཏན་ཏིག་གིས་སྒྲུབ་ནས། ཞིང་ལས་དང་ནུས་ཁུངས།    ཁོར་ཡུག་སྲུང་སྐྱོབ།    སློབ་གསོ། སྨན་བཅོས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།    ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་སླར་ཡང་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་དུ་སྡོད་པའི་དུས་སྐབས་སུ། ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དང་། མདོ་ལ་རྫོང་། རྐང་ཚ་རྫོང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་བཅས་སུ་བསྐྱོད་དེ་རྟོག་ཞིབ་བྱས་པ་མ་ཟད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣར་འཚམས་འདྲི་བྱས།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་དང་། ཝང་ཝེ་ཏུང་།  ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཡུས་ཡན་དང་། ཀྲང་ཧའེ་པོ།    ཧྥན་པོ།    ཀྲིག་ལིས་ཝའེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།