མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་གི་མུ་གེ་ཐང་བྱེ་ཐང་བསྐོར་བའི་ཐང་གཅོད་འགྲན་སྡུར་མགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་གི་མུ་གེ་ཐང་བྱེ་ཐང་བསྐོར་བའི་ཐང་གཅོད་འགྲན་སྡུར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་མུ་གེ་ཐང་བྱེ་ཐང་གི་ཐང་གཅོད་རྟེན་གཞི་ནས་མགོ་བརྩམས་པ་དང་། ཧི་པེ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཅང་ཞི་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་ཞིང་ཆེན་དང་ས་ཁུལ་བཅོ་བརྒྱད་ནས་ཡོང་བའི་རུ་ཁག་ང་དྲུག་གི་འགྲན་ཞུགས་པ་ཉིས་བརྒྱ་ཞེ་དགུ་འགྲན་སྡུར་ལ་ཞུགས་ནས་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་མིག་གི་དགའ་སྟོན་དུ་བཤམས།

ཀོས་ནན་རྫོང་དུ་མུ་གེ་ཐང་མུ་མཐའ་མེད་པར་རྒྱང་དུ་བསྲིང་ཡོད་ལ། གསེར་གྱི་སྙེ་རླབས་གཡོ་བ་ལྟ་བའི་བྱེ་མའི་ཚོགས་ནི་གནམ་སའི་བར་དུ་འཐེན་ཡོད། མང་ཆུ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་ཅིང་བསིལ་འཇམ་གྱི་སྣང་བ་སྟེར་ལ། འགྲམ་ངོགས་ཀྱི་ཕྱུགས་ར་དག་ལ་གསོན་ཤུགས་སྦྱིན་ཡོད། གཙགས་དྲུབ་ཀྱི་རི་མོའི་རིག་གནས་ཀྱི་མེ་ཏོག་རྣམ་པར་བཞད་ཡོད་པས་མུ་གེ་ཐང་བྱེ་ཐང་བསྐོར་བའི་ཐང་གཅོད་འགྲན་སྡུར་སྤེལ་བར་རིག་གནས་དང་ལུས་རྩལ་མཉམ་འདྲེས་ཐད་སྔར་ལས་ལྷག་པའི་གསོན་ཉམས་ཀྱིས་ཕྱུག་ཡོད།

ཐེངས་འདིའི་བྱེད་སྒོར་རླངས་འཁོར་ཆེད་ལས་ཚན་ཆུང་དང་ནང་འདྲེནT2རླངས་འཁོར་ཐོན་སྐྱེད་ཚན་ཆུང་། T2རླངས་འཁོར་ཐོན་སྐྱེད་ཚན་ཆུང་། ནང་འདྲེན་འཕྲུལ་རྟ་ཚན་ཆུང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་འཕྲུལ་རྟའི་ཚན་ཆུང་བཅས་རིགས་མི་འདྲ་བ་ལྔ་རུ་བགོས་ཡོད། ཚན་ཆུང་བགར་བ་དང་དུས་ཚོད་ཀྱི་རིང་ཐུང་ལྟར་འགྲན་སྡུར་བྱ་རྒྱུ་རེད། འགྲན་ཞུགས་པ་རྣམས་ལ་མཚོན་ན་ས་གནས་དེའི་རྣམ་པ་མི་འདྲ་བའི་བྱེ་སྒང་ནི་ཁོ་ཚོའི་དཔའ་ངར་དང་སྙིང་རུས་ཐད་ཀྱི་འགྲན་སློང་ཆེན་པོ་ཞིག་ཡིན་ལ། ལྷག་པར་ཤེས་རབ་དང་ཐབས་ཤེས་ཐད་ཀྱི་འགྲན་སློང་ཆེན་པོ་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།