ཟླ7པའི་ཚེས11ཉིན།དེང་རབས་རྒྱ་ཡིག་ཚིག་མཛོད་རྒྱ་བོད་ཤན་སྦྱར་དེབ་ཆ་ཚང་པར་བསྐྲུན་འགྲེམ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་གཏམ་བཤད། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཟུར་པ་རྟ་མགྲིན་དབང་འབུམ་གྱིས་བརྙན་རིས་བརྒྱུད་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་ཚོགས་འདུར་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཚིག་མཛོད་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས། བོད་འབྲེལ་ས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བར་སྟབས་བདེ་བསྐྲུན་པར་མ་ཟད། ཚད་ལྡན་དང་དབང་ཟིལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་དཔེ་ཆ་ཞིག་ཡིན་ལ། ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱེད་ཆེད། སྐད་བརྡར་བརྟེན་ནས་སེམས་པ་གཅིག་འདྲེས་དང་། ལས་སྐལ་གཅིག་མཐུན་ལ་སྐུལ་འདེད་གཏོང་ཆེད་འབྲེལ་ཟམ་དང་ཐབས་ལམ་གསར་པ་འདོན་སྤྲོད་བྱས་ཤིང་། བོད་འབྲེལ་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་གཏོང་བའི་བྱེད་ནུས་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད་ཅིང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཆེ་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་ཐུབ། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོ་དང་རིགས་སོ་སོའི་མཐོ་རིམ་སློབ་གྲྭས་ཚིག་མཛོད་རྒྱ་ཆེར་འགྲེམ་སྤེལ་དང་ཁྱབ་གདལ་དུ་གཏོང་བའི་བྱ་བར་མཐོང་ཆེན་བྱས་ཏེ། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཤེས་རྟོགས་ཚད་ཇེ་མཐོར་བཏང་ནས། ཚིག་མཛོད་ཀྱི་རིན་ཐང་ཆེ་ཤོས་འདོན་སྤེལ་བྱེད་དུ་འཇོག་དགོས།
པད་ཁོས་བསྟན་དོན། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་པོའི་ཁྲོད་ཀྱི་མི་རིགས་སོ་སོའི་བར་འབྲེལ་འདྲིས་བྱེད་པ་དང་། རིག་གཞུང་གི་དབང་ཟིལ་མཐོ་བའི་སྐད་བརྡའི་ལོ་ཙཱའི་ཡོ་བྱད་དཔེ་ཆ་དེ་ཡིག་བསྒྱུར་པར་སྐྲུན་བྱས་པ་ནི། ང་ཚོས་འཛམ་གླིང་ལ་ཀྲུང་ཧྭའི་དཔལ་ཡོན་འགྲེམ་སྤེལ་བྱེད་པའི་དཔང་རྟགས་ནུས་ལྡན་དེ་ཡིན། ཚིག་མཛོད་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི། རྒྱལ་སྤྱིའི་སྟེང་མི་རིགས་སྐད་ཡིག་གི་སྐད་བརྡའི་མ་ལག་བསྐྲུན་པའི་གནད་འགག་གི་གོ་རིམ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་དང་བེད་སྤྱོད་གཏོང་བར་བརྩི་འཇོག་དང་འགན་སྲུང་བྱེད་པ་ཞིག་ཡིན་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་པའི་བྱེ་བྲག་གི་མངོན་སྟངས་ཤིག་ཡིན། ཚིག་མཛོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ཚིག་མཛོད་སློབ་སྦྱོང་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་ལས་ལྷག་པར་ཁོང་དུ་ཆུད་པ་དང་། མི་རིགས་སོ་སོས་སྔར་ལས་ཁྱབ་རྒྱ་ཆེ་ཞིང་རིམ་པ་སྔར་ལས་མང་བའི་སྒོ་ནས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
ཚིག་མཛོད་དེར་སྟོད་ཆ་དང་བར་ཆ། སྨད་ཆ་བཅས་དེབ་གསུམ་དུ་བགོས་ཡོད། དེའི་ནང་རྒྱ་ཡིག་གི་མིང་ཚིག་ཁྲི་བདུན་ལྷག་དང་། བོད་ཡིག་གི་མིང་ཚིག་འབུམ་གཉིས་ལྷག་བསྡུས་ཡོད། དེར་ཐ་སྙད་དང་། ཚེག་རྡར་ཡི་གེ། འགྲེལ་བཤད། དཔེར་བརྗོད་བཅས་ཡོད་ལ། བསྡོམས་པས་ཡིག་གྲངས་བྱེ་བ་གཅིག་ལྷག་ཡོད། ཡིག་སྒྱུར་བྱས་པ་ཉུང་བསྡུས་ཡང་དག་དང་། བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ་ཞིག་ཡིན། དེའི་མི་ཚད། བོད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་བསྟུན་ཞིང་། མིང་ཚིག་གི་རྣམ་པ་བསྒྱུར་བ་དང་ནང་དོན་བསྒྱུར་བ་གཞི་གཅིག་ཏུ་བྱས་ནས། གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་། ཚད་ལྡན་རང་བཞིན་གྱི་ལོ་ཙཱ། ཡང་དག་རང་བཞིན་གྱི་འགྲེལ་བཤད་བཅས་མངོན་འགྱུར་བྱུང་།
ཚོགས་འདུའི་སྟེང་ཡོལ་རས་ཕྱེ་བའི་མཛད་སྒོ་སྤེལ་ནས། འབྲེལ་ཡོད་ལས་ཁུངས་དང་། ཁུལ་དང་གྲོང་ཁྱེར། སློབ་མའི་འཐུས་མི་སོགས་ལ་ཚིག་མཛོད་བྱིན་པ་དང་། ཆེད་མཁས་པའི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ།