ཟླ7པའི་ཚེས10ཉིན། མཚོ་སྔོན་ཀོས་ནན་མུ་གེ་ཐང་བསྐོར་བའི་བྱེ་མའི་རི་བརྒལ་འགྲན་སྡུར་སྐབས་གསུམ་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མུ་གེའི་ཐང་བྱེ་མའི་རི་བརྒལ་རྟེན་གཞི་རུ་འགོ་བརྩམས་པ་དང་། ཧི་པེ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཅང་ཞི་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས18ནས་ཐོན་པའི་རུ་ཁག56དང་འགྲན་ཞུགས་པ249ལྷག་འགྲན་སྡུར་ལ་ཞུགས་ཏེ། ངོ་མཚར་བའི་རི་བརྒལ་འགྲན་སྡུར་གྱི་ལྟད་མོ་གྱ་ནོམ་པ་བསྟན།
ཀོས་ནན་རྫོང་དུ་གསེར་ཞུན་ཐང་ལ་བླུགས་འདྲའི་བྱེ་མའི་ཐང་ཆེན་དང་། དེའུ་འབུར། གྲོང་རོང་བཅས་ཀྱིས་རབ་ཏུ་བརྒྱན་པའི་མུ་གེ་ཐང་གི་བརྗིད་ཉམས་མངའ་ལ། དྭངས་གསལ་མང་ཆུ་སྔོན་མོའི་བརྩེ་བའི་ངང་རྒྱུད་ཀྱིས་མཐའ་ཡས་པའི་འབྲོག་པའི་རྩྭ་ཐང་བྱམས་ཀྱིས་སྐྱོང་བཞིན་ཡོད་ཅིང་། དམངས་ཁྲོད་ལག་ཤེས་པ་དག་གི་སོར་མོའི་རྩལ་ལས་འཁྲུངས་པའི་གཙག་དྲུབ་སྒྱུར་རྩལ་གྱི་མེ་ཏོག་ལྷམ་མེར་བཞད་ཡོད། མུ་གེ་ཐང་བྱེ་མའི་རི་བརྒལ་འགྲན་སྡུར་བསྒྲུབས་པ་དེས་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་ལ་སྔར་བས་གསོན་ཉམས་ལྡན་པར་བྱས་ཡོད།
ཐེངས་འདིའི་འགྲན་སྡུར་ཁྲོད་ཁྱོན་བསྡོམས་རླངས་འཁོར་ཆེད་ལས་རུ་ཁག་དང་། T2རླངས་འཁོར་ནང་འདྲེན་ཐོན་སྐྱེད་རུ་ཁག T2རླངས་འཁོར་རྒྱལ་ནང་ཐོན་སྐྱེད་རུ་ཁག འཕྲུལ་རྟ་ནང་འདྲེན་རུ་ཁག འཕྲུལ་རྟ་རྒྱལ་ནང་ཐོན་སྐྱེད་རུ་ཁག་བཅས་རུ་ཁག་ལྔ་ཡོད་ལ། སོ་སོར་ཚོ་ཆུང་བགར་བ་དང་དུས་རིམ་བགར་ནས་རླངས་འཁོར་གཏོང་བའི་དུས་ཡུན་བརྩིས་ཏེ་འགྲན་སྡུར་བྱས། མུ་གེའི་ཐང་གི་བྱེ་ཐང་དུ་རྣམ་པ་མི་འདྲ་བའི་བྱེ་སྒང་སྣ་ཚོགས་ཡོད་པས་འགྲན་ཞུབས་པའི་སྤོབས་པ་དང་སྙིང་རུས་ལ་ཚད་འཇལ་བྱེད་ཐུབ་པར་མ་ཟད། དེ་བས་ཀྱང་འགྲན་ཞུགས་པའི་བློ་གྲོས་དང་ལག་རྩལ་ལ་ཚད་འཇལ་བྱེད་ཐུབ།
བྱ་འགུལ་གྱི་ཡུལ་དངོས་སུ་བྱེ་ཐང་གི་ལྗོངས་རྒྱུར་རོལ་མྱོང་བྱེད་ས་བཙུགས་ཏེ། ཡུལ་སྐོར་པས་བྱེ་མའི་ཐང་གཅོད་ལ་རོལ་མྱོང་བྱེད་ཐུབ་པར་བྱས་ཡོད་པ་དང་། ད་དུང་བཟང་བཏུང་གི་ཁྲོམ་ར་དང་དངོས་ཟོག་གི་ཁྲོམ་ར་བཙུགས་ནས་ཡུལ་སྐོར་པ་རྣམས་ལ་ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་ལ་རོལ་མྱོང་བྱེད་པ་སོགས་གནས་འདིའི་ཕུན་སུམ་ཚོགས་པའི་ཐོན་རྫས་ལ་རྒྱུས་ལོན་བྱེད་དུ་བཅུག འགྲན་སྡུར་བསྒྲུབས་པ་དེས་རྒྱལ་ཡོངས་ས་གནས་སོ་སོའི་རི་བརྒལ་ཆེད་ལས་པ་མང་བོ་བཀུག་པར་མ་ཟད། ཀོས་ནན་རྫོང་དེ་སྐྱེ་ཁམས་ལུས་རྩལ་རིག་གནས་ཀྱི་མཚོན་བྱེད་ལྟ་བུར་འགྱུར་བར་བྱས་ནས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་སྣང་བརྙན་མཐོར་འདེགས་གཏོང་བར་སྒུལ་ཤུགས་བསྣན་ཡོད།