ཟླ7པའི་ཚེས9ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་ན་གཞོན་འཕེལ་རྒྱས་ཀྱི2018ལོ་ནས2025ལོའི་འཆར་འགོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། ན་གཞོན་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱིས་ཚད་ཆེས་ཆེ་བའི་སྒོ་ནས་ན་གཞོན་རྣམས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་སྔོན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཁོངས་གཏོགས་སྡེ་ཁག་དང་མཉམ་དུ། རང་ཞིང་གི་ན་གཞོན་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་དབྱེ་ཞིབ་བཟང་བོ་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་འཕེལ་རྒྱས་སྲིད་ཇུས་ཕྱོགས་བསྒྲིགས་ཀྱི2025ལོའི་པར་གཞི》བཏོན་ལ། སྲིད་ཇུས་སྐྱེས་ཐུམ་གྱི་རྣམ་པར་བརྟེན་ནས་ན་གཞོན་སྣ་མང་ཅན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གནད་འཁེལ་བྱས་ཏེ། ན་གཞོན་ཚོར་ཕན་འདོགས་པའི་བྱེད་ཐབས་ཐད་ཀར་ན་གཞོན་ཚོའི་ཉེ་འགྲམ་དུ་སླེབས་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ན་གཞོན་རྣམས་ཀྱི་སྲིད་ཇུས་ཐད་ཀྱི་དོགས་གནད་སེལ།
《མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཀྱི་སྲིད་ཇུས་ཕྱོགས་བསྒྲིགས》ཀྱིས་ན་གཞོན་གྱི་སློབ་གསོ་དང་ན་གཞོན་གྱི་བདེ་ཐང་། ན་གཞོན་གྱི་གཉེན་སྒྲིག་དང་བརྩེ་དུངས། ན་གཞོན་གྱི་ལས་ཞུགས་ལས་སྐྲུན། ན་གཞོན་གྱི་རིག་གནས། ན་གཞོན་སྤྱི་ཚོགས་ཁྲོད་འདྲེས་པར་བྱེད་པ་དང་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱེད་པ། ན་གཞོན་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ན་གཞོན་གྱི་སྤྱི་ཚོགས་འགན་སྲུང་། ན་གཞོན་འཇོན་མི་ནང་འགུག་དང་སྐྱེད་སྲིང་བྱེད་པ་བཅས་ཁྱབ་ཁོངས་དགུ་ལ་དམིགས་ནས། སྒྲིག་སྲོལ་ཞིབ་ཕྲ་དོན་དགུ་ལེགས་སྒྲིག་བྱས་པ་དང་། དེའི་ཁྲོད་ན་གཞོན་ཚོས་དོ་སྣང་བྱེད་པའི་གཙོ་གནད་ཕྱོགས་འདུ་ལ། ཡིག་རིས་གཉིས་འཛོམས་ཀྱི་རྣམ་པ་བརྒྱུད་དེ་སྲིད་ཇུས་ཀྱི་ནང་དོན་འགྲེལ་བཤད་གསལ་བོ་བྱས་པ་དང་། མཐོང་ཐུབ་པའི་མཚོན་སྟངས་བརྒྱུད་དེ་སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་སྒོ་ཐེམ་ཇེ་དམའ་རུ་བཏང་ཞིང་། ན་གཞོན་ཚོས་ཨང་བཤེར་བྱས་ནས་སྲིད་ཇུས་ཀྱི་མ་ཡིག་ལ་བལྟ་ཐུབ་པར་བྱས་ནས། མཛུབ་སྣེའི་སྲིད་ཇུས་འཚོལ་བཤེར་མངོན་འགྱུར་བྱས།