ཉིན་ཤས་གོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་བཅས་ཀྱིས《2025ལོར་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། གཤམ་ནས་ང་ཚོས་ལེགས་སྒྲིག་ཇི་ལྟར་བྱས་ཡོད་པའི་ཞིབ་ཕྲ་ལ་མཉམ་དུ་རྒྱུས་ལོན་ཞིག་བྱ།
2025ལོར་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་མུ་མཐུད་ལེགས་སྒྲིག་བྱས།
《བརྡ་ཐོ》ནང2025ལོའི་ཟླ1ཚེས1ཉིན་ནས་བཟུང2024ལོའི་ལོ་མཇུག་གོང་གི་གཏན་འབེབས་ལྟར་ལས་འཁྱུར་གྱི་འགྲོ་ལུགས་བསྒྲུབས་དགོས་པ་མ་ཟད། ཟླ་ལྟར་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ལས་འཁྱུར་མི་སྣར་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་སྤྱིའི་ལེགས་སྒྲིག་ཆུ་ཚད་དེ2024ལོའི་ལས་འཁྱུར་མི་སྣའི་ཟླ་རེའི་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི2%ཡིན་པ་གསལ་པོར་བསྟན་ཡོད།
ཐེངས་འདིའི་ལེགས་སྒྲིག་ནི་དངོས་གོང་འགྱུར་ལྡོག་དང་ལས་བཟོ་པའི་གླ་ཕོགས་འཕར་བ་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པའི་བསྡུར་ཚད་ལུགས་མཐུན་ལྟར་གཏན་འཁེལ་བྱ་རྒྱུ་དེ་རེད།
《བརྡ་ཐོའི》ནང་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ས་ཁུལ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་སྒྲིག་འཛུགས་དང་ལག་བསྟར་དམ་འཛིན་བྱས་ཏེ་ལེགས་སྒྲིག་བྱས་ནས་ཡར་སྤར་བའི་གཞི་རྩའི་རྒན་གསོའི་དངུལ་ལས་འཁྱུར་ངལ་གསོའི་མི་སྣའི་ལག་ཏུ་གང་མགྱོགས་སྒོས་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།
ད་ལོའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པའི་གཙོ་གནད་དེ་ཡོང་འབབ་དམའ་འབྲིང་ཅན་གྱི་ཚོགས་སྤྱིར་ཕྱོགས་པ།
2005ལོ་ནས་བཟུང་རང་རྒྱལ་གྱིས་ལས་འཁྱུར་མི་སྣའི་རྒན་གསོའི་དངུལ་བསྟུད་མར་ལེགས་སྒྲིག་བྱས་ནས་ལས་འཁྱུར་མི་སྣའི་རྒན་གསོའི་འགན་སྲུང་ཐོབ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པས། ཐེངས་འདིའི་ལེགས་སྒྲིག་ལ་ཁྱད་ཆོས་ཅི་ཞིག་ཡོད་དམ།
ཐེངས་འདིའི་བཅད་གྲངས་ལེགས་སྒྲིག་དང་འབྲེལ་མཐུད་ལེགས་སྒྲིག འོས་འཚམ་གྱི་གསེག་གཞག་བཅས་ཟུང་འབྲེལ་བྱེད་པའི་ལེགས་སྒྲིག་བྱ་ཐབས་མུ་མཐུད་སྤྱོད་རྒྱུ་དང་གཙོ་གནད་ནི་རྒན་གསོའི་དངུལ་གྱི་ཆུ་ཚད་ཅུང་དམའ་བའི་ཚོགས་སྤྱིར་གསེག་གཞག་བྱ་རྒྱུ་དེ་རེད།
བཅད་གྲངས་ལེགས་སྒྲིག་ཞེས་པ་ནི་ས་ཁུལ་གཅིག་གི་ལས་འཁྱུར་ངལ་གསོའི་མི་སྣའི་རིགས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་མཐོ་བ་དང་དམའ་བ་གང་ཡིན་རུང་ཚང་མ་གཅིག་གྱུར་གྱི་དངུལ་གྲངས་ལྟར་ཇེ་མཐོར་གཏོང་རྒྱུ་དེའི་ཐོག་ནས་དྲང་གཞག་གི་རྩ་དོན་མཚོན་ཡོད།
འབྲེལ་མཐུད་ལེགས་སྒྲིག་ཞེས་པ་ནི་ལས་འཁྱུར་མི་སྣ་རང་ཉིད་ཀྱི་གྲོན་དངུལ་འཇལ་པའི་ལོ་ཚད་དང་གཞི་རྩའི་རྒན་གསོའི་དངུལ་གྱི་ཐོབ་ཐང་ཆུ་ཚད་དང་ལེགས་སྒྲིག་བྱས་ཏེ། “མང་དུ་འཇལ་ན་མང་དུ་ཐོབ་པ”དང་།“ཡུན་རིང་འཇལ་ན་མང་དུ་ཐོབ་པའི”སྐུལ་ལྕག་ལམ་སྲོལ་མཚོན་ཡོད།
འོས་འཚམ་གྱི་ཕྱོགས་ལྷུང་ནི་ལོ་ན་མཐོ་བའི་ལས་འཁྱུར་མི་སྣ་དང་དཀའ་ཚེགས་ཆེ་བའི་མཐའ་ཁུལ་གྱི་ལས་འཁྱུར་མི་སྣ་སོགས་ཚུད་པའི་ཚོགས་སྤྱི་གཙོ་བོར་ཐུགས་ཁུར་བྱེད་པ་མཚོན་ཡོད།
གོང་གསལ་གྱི་བྱེད་ཐབས་ལྟར་ན།མི་རེ་རེའི་གཞི་རྩའི་རྒན་གསོའི་དངུལ་འཕར་བའི་བསྡུར་ཚད་མི་འདྲ་བ་ཡོད།
གཞི་རྩའི་རྒན་གསོའི་དངུལ་དུས་ཐོག་དང་གྲངས་འབོར་ཆ་ཚང་སྤྲོད་རྒྱུར་འགན་སྲུང་ཡོད།
རྒན་གསོའི་དངུལ་ནི་ལས་འཁྱུར་ངལ་གསོའི་མི་སྣ་དུང་ཕྱུར་མང་པོའི་གཞི་རྩའི་འཚོ་བ་དང་འབྲེལ་བ་ཡོད་ལ། ཆེད་མཁས་པས་གཞི་གྲངས་ཁག་ལ་བལྟས་ན། རང་རྒྱལ་གྱི་རྒན་གསོའི་དངུལ་དུས་ཐོག་དང་གྲངས་འབོར་ཆ་ཚང་སྤྲོད་རྒྱུར་དངོས་པོའི་རྨང་གཞི་ཅུང་བརྟན་པོ་ཡོད།
སྐབས་དེའི་འགྲོ་སོང་ལ་དོ་མཉམ་གྱིས་བལྟས་ན། ཐེབས་རྩའི་འགྲོ་སོང་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། 2024ལོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ལ་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་སྲུང་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི7.5དང་ཐེབས་རྩའི་འགྲོ་སོང་སྒོར་དུང་ཕྱུར་ཁྲི6.8ཡིན་པས། དུས་སྐབས་དེའི་འགྲོ་སོང་སྤྱི་ཡོངས་དོ་མཉམ་ཡིན་པ་དང་ལྷག་འཕྲོ་ཅུང་ཡོད།
ལམ་ལུགས་འགན་སྲུང་གི་ཐོག་ནས་བལྟས་ན། ཀྲུང་དབྱང་གི་མཐོ་རིམ་ཇུས་འགོད་བརྒྱུད་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་སྲུང་རྒྱལ་ཡོངས་ནས་གཅིག་གྱུར་འཆར་འགོད་ཐད་མངོན་འགྱུར་བྱུང་ཡོད། 2023ལོར་ལེགས་སྒྲིག་མ་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར2716ཟིན་ནས་དཀའ་ངལ་ཡོད་པའི་ཞིང་ཆེན་གྱི་རྒན་གསོའི་དངུལ་སྤྲོད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས། ནོར་སྲིད་ཀྱི་ཁ་གསབ་ཀྱི་ཐོག་ནས་བལྟས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་།ས་གནས་ཀྱི་ནོར་སྲིད་རིམ་པ་ཁག་གིས་ཀྱང་གཏོང་སྒོའི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ཏེ། གཞི་རྩའི་རྒན་གསོའི་དངུལ་དུས་ཐོག་དང་གྲངས་འབོར་འདང་ངེས་སྤྲོད་རྒྱུའི་འགན་སྲུང་བྱས་ཡོད།
ཡུན་རིང་གསོག་འཇོག་གི་ཐོག་ནས་བལྟས་ན།2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་སྲུང་ཐེབས་རྩའི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.1ལྷག་འཕྲོ་ཡོད་པ་དང་དུས་མཚུངས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འཐབ་ཇུས་གསོག་འཇོག་སྒོར་དུང་ཕྱུར་ཁྲི་2.6ལྷག་ཡོད།