2025ལོའི་ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་སྡུར་སྐབས་བཅུ་པ་སྤེལ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་རྒྱུས་ལོན་པ་ལྟར་ན། 2025ལོའི་ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་སྡུར་སྐབས་བཅུ་པ་ཟླ7པའི་ཚེས19ནས་ཟླ7པའི་ཚེས21ཉིན་བར་རྐང་ཚ་རྫོང་ནས་སྤེལ་རྒྱུ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ལ་དེང་རབས་སྲོལ་རྒྱུན་གཞུ་དང་གཞུ་འཁོར་ལོ་མ། ལྕགས་གཞུ། རྭ་གཞུ་བཅས་ཀྱི་འགྲན་སྡུར་བཀོད་སྒྲིག་བྱས་ཡོད་ཅིང་། ད་སྔར་རྒྱལ་ཁབ་དང་ས་ཁུལ9ནས་ཐོན་པའི་ལུས་རྩལ་པ1100ཡིས་མིང་ཐོ་བཀོད་འདུག །འགྲན་སྡུར་བརྒྱུད“རེ་ཞུའི་ལམ་ལུགས”ཀྱི་དགེ་མཚན་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། ལོ་རྒྱུས་རིག་གནས་དང་མི་རིགས་སྲོལ་རྒྱུན་མདའ་རྩལ་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། རྐང་ཚ་རྫོང་གི་དམིགས་བསལ་བའི་ས་གནས་ཀྱི་མདའ་རྩལ་རིག་གནས་ལ་བརྟེན། ཞིང་སྡེའི་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་དོན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་རྩལ་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྟེགས་བུ་གསར་བ་ཞིག་ཏུ་བསླེབ་ཐུབ་པར་རོགས་འདེགས་བྱ་རྒྱུ་རེད།

དེ་དང་མཉམ་ཏུ། ཐེངས་འདིའི་འགྲན་སྡུར་གྱིས་རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་སྲོལ་དང་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱི་གཏན་འབེབས་ལ་བརྩི་སྲུང་སྒོས་འདྲ་མཉམ་དྲང་བཞག་ཡོང་བར་འགན་ལེན་བྱ་རྒྱུ། རྩ་འཛུགས་ཨུ་ལྷན་གྱིས་ཆེད་དོན་བྱ་བའི་ཚན་ཆུང་བཅུ་བཙུགས་ནས་བདེ་འཇགས་དང་སྨན་བཅོས་སོགས་ཀྱི་སྔོན་ཇུས་གྲ་སྒྲིག་བྱས་ཤིང་། རྒྱལ་སྤྱིའི་ཟོང་རྟགས་འགྲན་སྡུར་ལས་དོན་ཞིག་ཡིན་གཤིས། སྐབས་འདིས་ལོ་སྔོན་མའི་ཇུས་འགོད་ལྟར་མཚོ་སྔོན་དང་རྐང་ཚའི་ཁྱད་ལྡན་རིག་གནས་མཉམ་འདྲེས་གྱིས་ཟོང་རྟགས་ཀྱི་རིན་ཐང་མཐོ་རུ་གཏང་རྒྱུ་ཡིན་ཏོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།