ཟླ7པའི་ཚེས9ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་སྒྲུབ་བྱས་པའི2025ལོའི“ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུས་མེས་རྒྱལ་ལ་ལྟ་བ་ཞེས་པའི། ཞང་ཀང་གི་ན་གཞོན་ལོ་ཆུང་བརྒྱ་རབ་མཛེས་མཚོ་སྔོན་ལ་བསྐྱོད་པའི”བརྗེ་རེས་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཛད་སྒོར་ཞུགས་ཏེ་བྱེད་སྒོ་དངོས་སུ་སྤེལ་བ་ཁྱབ་སྒྲོག་བྱས་པ་དང་། ཞང་ཀང་གི་ན་གཞོན་ལོ་ཆུང་གི་འཐུས་ཚབ་ཚོགས་པར་དར་ཆ་སྤྲད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ནས་དགའ་བསུའི་ཞུ་ཚིག་ཕུལ།
དུས་ཡུན་ཉིན་བརྒྱད་རིང་གི་བརྗེ་རེས་བྱེད་སྒོའི་ཁྲོད། ཞང་ཀང་གི་ན་གཞོན་ལོ་ཆུང100ལྷག་གིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་དང་། ཟི་ལིང་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་གླིང་ག ཁྲའར་ཧན་ཚྭ་མཚོ་སོགས་རང་བྱུང་ཁམས་དང་མི་གཞུང་རིག་གནས་དང་འདྲེས་པའི་ཡུལ་ལྗོངས་ཁག་ལ་ལྟ་སྐོར་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་རྡུལ་ཕྲན་མཁར་གྱི་རྗེས་དྲན་ཁང་དང་མཚོ་བོད་གཞུང་ལམ་གྱི་རྗེས་དྲན་ཁང་སོགས་དམར་པོའི་སློབ་གསོའི་རྟེན་གཞི་རུ་བསྐྱོད་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་ལ་མྱོང་རོལ་བྱ་རྒྱུ་རེད། དེ་ལས་གཞན་ད་དུང་སྐྱེ་ཁམས་ཞིབ་འཇུག་དང་རིག་གནས་ཉམས་ལེན། ཚན་རྩལ་བརྗེ་རེས་སོགས་ཀྱི་ལས་རིམ་ཡང་བཀོད་སྒྲིག་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ཐབས་ལམ་སྣ་མང་ལ་བརྟེན་ནས། ཞང་ཀང་གི་ན་གཞོན་ལོ་ཆུང་མཚོ་སྔོན་ལ་རྒྱུས་ལོན་སྔར་ལས་གང་ལེགས་བྱ་ཆེད་དང་། མེས་རྒྱལ་ལ་བཅངས་པའི་མོས་མཐུན་གྱི་བསམ་པ་དང་སེམས་པ་མེས་རྒྱལ་ལ་ཕྱོགས་ཚད་མངོན་སུམ་ཇེ་དྲག་ཏུ་གཏོང་ཆེད་རེད།