ས་དེའི་ཟླ7པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁེ་རོ་རུ་ཨེ་ཅིབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཅཱ་པཱ་ལིས་ལ་མཇལ་འཕྲད་གནང་།
ས་དེའི་ཟླ7པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁེ་རོ་རུ་ཨེ་ཅིབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཅཱ་པཱ་ལིས་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཨེ་ཅིབ་ཀྱི་བར་ཐག་རིང་ཡང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་གི་རྒྱུན་རིང་། འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་བརྩེའི་རང་མདངས་ལ་འགྱུར་བ་མེད་ཅིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ཀྱི་གནས་བབ་སྔར་ལས་ལེགས་པར་མ་ཟད་གསོན་ཤུགས་རྒྱས་ཡོད་ཕྱིར། ནང་གནས་སྒུལ་ཤུགས་དྲག་པོ་མངོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། བློ་རྩ་བརྟན་པོས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གསར་པ་མང་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་པ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་ལས་ཁུངས་ཀྱི་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་དང་། སྲིད་ཇུས་ཀྱི་འབྲེལ་འདྲིས་དང་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཕན་ཚུན་ལ་རྒྱུས་ལོན་བཟང་པོ་བྱེད་པའི་རེ་བ་བཅངས་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་སྦྲེལ་མཐུད་ཟབ་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྣེ་ཁྲིད་དུ་བྱེད་ཅིང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་གཉིས་ལ་གཞི་བཅོལ་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་རྒྱུན་མཐུད་ཐུབ་པའི་འཁོར་རྒྱུག་མཉམ་ལས་དམ་འཛིན་ལེགས་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གི་སྟབས་བདེ་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། ཐོན་ལས་སྦྲེལ་མཐུད་དང་ཁྲོམ་རའི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། གཉིས་ཕན་མཉམ་རྒྱལ་གྱི་ཆུ་ཚད་སྔར་ལསཇེ་མཐོར་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། གསེར་གྱོམ་རྒྱལ་ཁབ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་རྐྱེན་སྲོལ་གྱི་འབྲེལ་འདྲིས་མཉམ་ལས་དམ་ཟབ་བྱེད་པ་དང་། ཕྱོགས་སོ་སོས་མཉམ་དུ་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་རྩ་འཛིན་དང་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་དྲང་ནུས་སྔར་ལས་མང་པོ་སྣོན་འདོད་ཡོད་ཅེས་གསུངས།
ཅཱ་པཱ་ལིས་ཀྱིས་བསྟན་དོན། གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆེན་མོ་ཨེ་ཅིབ་དང་ཀྲུང་གོ་གཉིས་ཀྱི་འགྲོ་འོང་གི་ལོ་རྒྱུས་རིང་ཞིང་། མི་དམངས་ཀྱི་མཛའ་བརྩེ་ཧ་ཅང་ཟབ། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ལེགས་པོ་བླངས་པར་ཡིད་སྨོན་སྐྱེ་བཞིན་ཡོད་ལ། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་གོ་སྐབས་གསར་པ་སྟེར་བར་ཡིད་ཆེས་བརྟན་པོ་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་མཐོང་བྱེད་པ། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་འོག་ཏུ་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཨེ་ཅིབ་ཀྱི་དམངས་གྲོས་ཁང་གིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད།