ལུའོ་ཏུང་ཁྲོན་གྱིས་རྟ་ཐང་རྫོང་དུ་ལྟ་སྐུལ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས9ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་རྒན་གསོའི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་ཐོན་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེ་རུ་གཏོང་དགོས།

རྟ་ཐང་རྫོང་ཅིན་དབྱང་གྲོང་རྡལ་ཀན་ཧྲུའུ་བཱན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ། ལུའོ་ཏུང་ཁྲོན་གྱིས་བྱ་བའི་རྩིས་ཐོར་ཞིབ་མོར་བལྟས་པར་མ་ཟད་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས། སློབ་སྦྱོང་སློབ་གསོའི་གནད་དོན་ཞིབ་བཤེར་ཐག་གཅོད་དང་། བསམ་འཆར་བསྡུ་ལེན། གཅིག་བསྡུས་ལེགས་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཡིད་ཚིམ་མིན་དེ་རྩ་བའི་ཚད་གཞིར་བརྩིས་ནས། སློབ་སྦྱོང་སློབ་གསོ་སྤེལ་བ་དང་དམངས་ཀྱི་དཀའ་སྡུག་སེལ་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱས་ཏེ། མང་ཚོགས་དོན་དངོས་དང་དོན་བཟང་མང་དུ་བསྒྲུབ་དགོས།

རྟོག་ཞིབ་བྱེད་སྐབས། སྡེ་མི་ཚོས་བཏོན་པའི་བསམ་འཆར་ལས་ལམ་ངོས་བཤིག་པ་དང་ཆར་ཆུ་འབུད་དཀའ་བའི་གནད་དོན་ཁ་ཤས་ཐག་བཅད་མེད་པའི་གནས་ཚུལ་ཐོས་རྗེས། ལུའོ་ཏུང་ཁྲོན་ཡུལ་དངོས་སུ་སོང་ནས་ལྟ་ཞིབ་བྱས་ཏེ། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་བེད་སྤྱོད་བྱས་ནས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱེད་པ་དང་། གྲོང་གསེབ་སྤྱིའི་འཆར་འགོད་ལ་ཤུགས་སྣོན་པ། སྤྱི་བའི་སྒྲིག་ཆས་ཀྱི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་། མྱུར་དུ་ལག་བསྟར་དང་བཅོས་སྒྱུར་བྱེད་པ། དོན་དག་རེ་རེ་བཞིན་ཐག་གཅོད་པ་བཅས་བྱས་ཏེ། བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་མཉམ་དུ་བསྐྲུན་དགོས་པའི་བླང་བྱ་བཏོན། སྡེ་བ་དེའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་དུ་ཐོན་པ་ན། ལུའོ་ཏུང་ཁྲོན་གྱིས་རྒན་པ་རྣམས་དང་བྱམས་བརྩེའི་ཁ་བརྡ་བྱས་ཤིང་། རྒན་པ་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་བྱ་འགུལ་ཕུན་སུམ་ཚོགས་ལ། བདེ་སྐྱིད་སྟོན་གྲངས་མུ་མཐུད་དུ་ཇེ་མཐོར་སོང་བ་མཐོང་སྐབས། ལུའོ་ཏུང་ཁྲོན་གྱིས་དགའ་སྤྲོའི་ངང་འདི་འདྲའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་དེ། བདེ་སྐྱིད་གཞིས་ཁྱིམ་གྱི་སྒྲིག་བཀོད་བྱེད་ནུས་དང་ཞབས་ཞུའི་སྤུས་ནུས་སྔར་ལས་མཐོར་འདེགས་གཏོང་བ་དང་། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་ཞིང་ཁོ་ཚོར་ཕན་འབྲས་ཐོབ་པར་བྱས་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་དངོས་སུ་ཚོར་ཐུབ་པར་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། འཁྱགས་གྲང་སྔོ་ཚལ་དང་གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མཉམ་ལས་ཁང་གི་ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཐོན་ལས་ཕྲེང་འབྲེལ་དང་རིན་ཐང་ཕྲེང་འབྲེལ་ནུས་ལྡན་སྒོས་རིང་དུ་བསྲིང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་མིང་གྲགས་ཚད། འགྲན་རྩོད་ནུས་པ་བཅས་མཐོར་འདེགས་བཏང་སྟེ། ཞིང་བ་རྣམས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྣ་མང་སྤེལ་བ་དང་། ཞིང་སྡེའི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཞིང་སྡེའི་གསོན་ཤུགས་སྔར་ལས་རྒྱས་པར་བྱེད་པ་དང་། དཔལ་ཡོན་གྱི་སྣང་བརྙན་གསར་པ་ཆགས་པར་བྱེད་དགོས། ཕྱིར་ཕ་ཡུལ་དུ་ལོག་པའི་ན་གཞོན་སྔར་ལས་མང་པོས་ལས་གཏོད་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། ཞིང་སྡེའི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་དགོས་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་མི་ཤུགས་དང་གསོན་ཤུགས་བསྣན་ནས། བདེ་སྡོད་དང་ལས་སྐྲུན་ལ་ཕན་པའི་འཆམ་འཐུན་གྱི་ཞིང་སྡེ་བསྐྲུན་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།