ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩིས་བཤེར་བྱ་བའི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་པའི་རྩིས་བཤེར་བྱ་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་བཏང་སྟེ། ནུས་ཚད་སྔར་ལས་ཆེན་པོར་བརྟེན་ནས་རྩིས་བཤེར་དག་ཐེར་བྱ་བའི་གོ་རིམ་རྗེས་མའི་བྱ་བ་ནན་འཛིན་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། རྩིས་བཤེར་བྱ་བས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་བྱེད་ནུས་གལ་ཆེན་འདོན་ཐུབ་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་རྩིས་བཤེར་བྱ་བ་དམ་འཛིན་བྱེད་དགོས། ཏང་གི་འགོ་ཁྲིད་དེ་རྩིས་བཤེར་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་གོ་རིམ་སོ་སོའི་སྟེང་དངོས་འབེབས་མཐའ་འཁྱོལ་བྱེད་དགོས་ལ། ཏང་གི་དཀྱིལ་སྙིང་ལས་དོན་ཅི་ཞིག་ཡིན་པ་དང་གཙོ་གནད་ལས་དོན་ཅི་ཞིག་ཡིན་ན་དེ་ལ་རྩིས་བཤེར་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། གནད་དོན་གསལ་འབྱེད་དང་སྒྲིག་སྲོལ་དོ་དམ། བཅོས་སྒྱུར་གཏིང་ཟབ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། འཐབ་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། སྲིད་ཇུས་གལ་ཆེན། དཔལ་འབྱོར་གྱི་ཉེན་ཁ་ཆེ་ས་དང་གཙོ་གནད་ཁུལ་ཁོངས་གལ་ཆེན། ཁྱབ་ཁོངས་གལ་ཆེན། སྡེ་ཁག་གཙོ་བོ། མི་སྣ་གཙོ་བོ་བཅས་འབུར་དུ་ཐོན་པར་བྱས་ཏེ། རང་འགུལ་གྱི་བྱེད་ཕྱོགས་ལ་བརྟེན་ནས་རྩིས་བཤེར་གྱི་ཤུགས་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རུལ་སུངས་དང་ཟང་ཟིང་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཆེད་ལས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མ་དངུལ་དང་། ལས་གཞིའི་འཁོར་ཕྱོགས་ལ་བསྟུན་ནས་སྤྱི་དབང་བཀོལ་བར་ལྟ་སྐུལ་བྱས་ཏེ། ནོར་སྲིད་སྒྲིག་རིམ་དང་འགལ་བ་དང་། འཛེམ་མེད་དུ་སྒྲིག་ལམ་དང་འགལ་བ། མ་མཐའི་ཀུན་སྤྱོད་དང་མི་མཐུན་པ། མངོན་མེད་ལྐོག་སྒྱུར་གྱི་སྤྱོད་ངན་བཞིའི་གནད་དོན་སོགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། སྤྱོད་ངན་དང་རུལ་སུངས་གནད་དོན་མཉམ་བཤེར་མཉམ་བཅོས་བྱེད་ནུས་ཆེ་རུ་གཏོང་དགོས། རྩིས་བཤེར་དག་ཐེར་བྱ་བ་ནན་འཛིན་བྱས་ཏེ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ནས། དག་ཐེར་བྱེད་ཐབས་ཞིབ་ཚགས་སུགཏོང་བ་དང་། དུས་ལྟར་བསྐྱར་ཞིབ་བྱེད་པ། འགན་འཁྲི་དངོས་འབེབས་མ་བྱས་ན་གཏན་ནས་ལྷོད་གཡེང་མི་བྱེད་པ་དང་། གནད་དོན་ཐག་གཅོད་མ་བྱས་ན་གཏན་ནས་མི་བསྐྱུར་བ། དག་ཐེར་དོན་འཁྱོལ་མ་ཡོང་ན་གཏན་ནས་མཚམས་མི་འཇོག་པ་བཅས་བྱེད་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་ཀྱི་འཇོན་ནུས་དང་ཆེད་ལས་འཇོན་ནུས། བྱེད་ཕྱོགས་འཇོན་ནུས་བཅས་ཇེ་ཆེར་གཏོང་བ་དང་། རྩིས་བཤེར་དབང་ཆ་སྤྱོད་པར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་སྟེ།  གནས་ཚུལ་ངོ་མ་འཚོལ་བ་དང་། སྐད་ཆ་ངོ་མ་བཤད་པ། དོན་དག་ངོ་མ་ཞུ་བ་བཅས་ཀྱི་སྒོ་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས།

ལིའུ་མའེ་ཕེན་དང་། ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥིན། ལོའུ་ཀང་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།