དེ་ཡང་། དབྱར་གསེང་སླེབས་པ་དང་བསྟུན་ནས་ཡུལ་སྐོར་བ་མང་ཤོས་དུས་ཀྱང་དེ་དང་བསྟུན་ནས་རིམ་གྱིས་འཆར། ས་གནས་མང་པོ་ཞིག་གིས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དང་གློག་བརྙན་དང་ཟུང་སྦྲེལ་གྱིས་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་པས་ཡུལ་སྐོར་བ་དེ་གར་ཡོང་རྒྱུའི་ཡིད་དབང་འགུག་པ་དེ་ད་ལོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།
གཅིག ལྟད་མོ་བ་ནས་མྱོང་རོལ་བར་རིམ་སྤོར་བྱུང་བ།
ད་ལོའི་དབྱར་གསེང་རིང་། ཡུལ་སྐོར་བ་དེ་བས་མང་བ་དངོས་མང་བཤམས་མཛོད་ཁང་དུ་ཡོང་ཆེད། ས་གནས་ཁག་གཅིག་གི་དངོས་མང་བཤམས་མཛོད་ཁང་གིས་མཚན་ཁྲོམ་མང་དུ་བཏང་བ་དང་སྔོན་མངག་བྱ་ཐབས་མེད་པ་བཟོས་ཡོད། དེ་དང་ཆབས་ཅིག་ལས་གཉེར་དུས་ཚོད་རིང་དུ་བཏང་བ་དང་དངོས་མང་བཤམས་མཛོད་ཁང་མང་པོ་ཞིག་གིས་ལྟ་འགྲེམས་མྱོང་རོལ་བྱ་ཐབས་བཏོད་དེ་རིག་དངོས་ཀྱི་ནུས་པ་འདོན་སྤེལ་གྱིས་ཡུལ་སྐོར་བ་རྣམས་ལྟད་མོ་བ་ནས་མྱོང་རོལ་བར་འགྱུར་བ་བྱས་ཡོད།
གཉིས། ཉིན་མོ་ནས་མཚན་མོ་བར་གྱི་མྱོང་རོལ་བྱ་ཐབས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་པ།
ད་ལོའི་དབྱར་གསེང་རིང་། གསར་འགོད་པས་མཐོང་བར། ཚན་རྩལ་རྣམ་པ་དང་མྱོང་རོལ་རྣམ་པ་དེ་ས་གནས་ཁག་གི་ཡུལ་སྐོར་ལམ་ཐིག་ཇུས་འགོད་ཀྱི་འགག་རྩར་གྱུར་ཡོད། མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་ཉིན་མོ་ནས་མཚན་མོའི་བར་གྱི་མྱོང་རོལ་རྣམ་གྲངས་མང་པོ་ཞིག་ཇུས་འགོད་ཞིབ་ཚགས་བྱས་པས་དབྱར་ཁའི་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཡུལ་སྐོར་བས་ལྟ་རོལ་བྱེད་པ་ནས་མྱོང་རོལ་ཟབ་མོ་བྱེད་པའི་བར་འགྱུར་བ་བཏང་བས། ས་གནས་མང་པོའི་མཛེས་ལྗོངས་ཁུལ་གྱི་མྱོང་རོལ་རྣམ་གྲངས་ཀྱི་ཡོང་འབབ་དུས་མཚུངས་ལས་ལྡབ་འཕར་བྱུང་བས་ཡོང་འབབ་མགྱོགས་པོ་འཕར་ཡོད། ཡུལ་སྐོར་བས་མྱོང་རོལ་ཟབ་མོ་བྱས་པ་དེས་ས་གནས་དེའི་ཁྱད་ལྡན་ཐོན་རྫས་དང་ཞག་སྡོད་ཡོང་འབབ་མངོན་གསལ་དོད་པོས་འཕར་ཡོད་པ་རེད།