ཟླ7པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། འཇར་མན་གྱིས་དངུལ་བུན་བསྐྱིས་ནས་ཟི་ལིང་གྲོང་ཁྱེར་གྱི་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ལས་གཞིའི་རྩིས་ལེན་དཔྱད་འཇོག་བྱ་བ་བདེ་བླག་ངང་མཇུག་བསྒྲིལ་བ་དང་། དེས་ལས་གཞི་དུས་ཡུན་རིང་པོའི་འཛུགས་སྐྲུན་བརྒྱུད་ནས་གཏན་འཁེལ་གྱི་དམིགས་འབེན་ལེགས་འགྲུབ་བྱས་ཏེ། གྲུབ་འབྲས་ཀྱི་ཕན་ནུས་འདོན་པའི་དུས་རིམ་གསར་བར་སླེབས་པར་མཚོན། ལས་གཞི་དེ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི2013ལོའི་ཕྱི་རྒྱལ་སྲིད་གཞུང་གི་དངུལ་བུན་བསྐྱི་བའི་རྗེས་འདེམ་ལས་གཞི་ཇུས་འགོད་ཀྱི་སྐོར་ཐེངས་གསུམ་པའི་འཆར་འགོད་གྲས་སུ་བཞག་པ་དང་། འཇར་མན་གྱི་ཧྥུའུ་ཞིན་ཡིད་རྟོན་དངུལ་བུན་དངུལ་ཁང་གི་དངུལ་བུན་ཡོ་སྒོར་བྱེ་བ་གཉིས་ཐོབ་ནས། གཙོ་བོ་ལས་ཁུངས་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞི་དང་སྐྱེ་ཁམས་ལྗོངས་རྣམ་ནགས་བསྐྲུན། ཁོར་ཡུག་སློབ་གསོའི་ཉམས་ལེན་རྟེན་གཞི། ཐཱ་ཨར་རི་བོའི་རང་བྱུང་ཉམས་ལེན་སྤྱི་གླིང་དང་དེའི་ཆ་སྡེབ་སྒྲིག་ཆས་སོགས་འཛུགས་སྐྲུན་བྱས།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དུ་ལས་གཞིའི་བཀོལ་སྤྱོད་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་ཆོག་མཆན་ཐོབ་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་གཞིའི་དངུལ་རྩའི་རེ་ཞུའི་སྙན་ཞུར་ཆོག་མཆན་ཐོབ་རྗེས། ལས་གཞི་དེ2017ལོའི་ཟླ1པར་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས། མིག་སྔའི་བར། མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གཅིག་གི་དངུལ་གཏོང་ལེགས་འགྲུབ་བྱུང་བ་དང་། དེའི་ཁྲོད་འཇར་མན་གྱི་དངུལ་བུན་ཡོ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་གཉིས་དང་ཁྲི་ལྔ་ཐོབ་པ་དང་། དངུལ་བུན་ལེན་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གཉིས་དྲུག་ལ་སླེབས་ཤིང་། རྒྱལ་ནང་གི་སྡེབ་སྒྲིག་ལ་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་འབུམ་གཅིག་དང་ཁྲི་གསུམ་བཏང་བ་དང་། སྡེབ་སྒྲིག་མ་དངུལ་ཐོབ་ཚད་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་ལྔ་གཉིས་ལ་སླེབས། མཆན་འགོད་འཛུགས་སྐྲུན་ནང་དོན་ཚང་མ་ཡོངས་འགྲུབ་བྱས།
2025ལོའི་ཟླ6པའི་ཚེས16ནས་ཚེས20ཉིན་བར། འཇར་མན་གྱི་ཧྥུའུ་ཞིན་ཡིད་རྟོན་དངུལ་བུན་དངུལ་ཁང་གི་དཔྱད་འཇོག་ཚོགས་པས་ལས་གཞིར་ཕྱོགས་ཡོངས་ནས་ཚད་ལེན་དཔྱད་འཇོག་བྱས། མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་ཀྱི་ཕྱི་དངུལ་ལས་གཞི་ཐོག་མ་ཡིན་པའི་ཆ་ནས། ལོ་ངོ་བརྒྱད་ཀྱི་འཛུགས་སྐྲུན་དུས་ཡུན་བརྒྱུད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་དཔྱད་འཇོག་ལེགས་པོ་བྱས། མིག་སྔར། ལས་གཞི་འཛུགས་སྐྲུན་གྲུབ་འབྲས་དེ་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཏེ། སྐྱེ་ཁམས་ལེགས་སྒྱུར་དང་ཁོར་ཡུག་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ཕན་ནུས་ལེགས་པོ་འདོན་སྤེལ་བྱེད་མགོ་བརྩམས།
འཇར་མན་གྱིས་དངུལ་བུན་བསྐྱིས་ནས་ཟི་ལིང་གྲོང་ཁྱེར་གྱི་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ལས་གཞི་འཆར་འགོད་བྱེད་པ་ནས་དོན་ཐོག་ཏུ་འཁྱོལ་བ་དང་། མཐོ་སྒང་བྱེ་རི་དེ་སྔོ་ལྗང་ནགས་ཀླུང་དུ་བསྐྲུན་པའི་སྐྱེ་ཁམས་ལྗོངས་རྣམ་མངོན་པར་བྱས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་བསྟར་བྱེད་པའི་དཔེ་མཚོན་ཞིག་རེད། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་དེ་དཔེ་སྟོན་དུ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། དེའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བསྐྲུན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་བསྐྲུན་པར་འབད་པ་ལྷོད་མེད་བྱས་ནས། ལྗང་མདོག་དེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་གསལ་བོར་འགྱུར་བར་བྱེད་རྒྱུ་རེད།