ཟླ7པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཞིང་སྡེའི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་གི་ཞིང་སྡེ་བསྐྲུན། ཞིང་ཆེན་ཡོངས་སུ་ཚད་གཞི་ཅན་གྱི་འཕྲོད་བསྟེན་ཁང་པ་སྟོང་བཞི་དང་བཞི་བརྒྱ་སུམ་ཅུ་འཛུགས་སྐྲུན་བྱས་པ་དང་། ཞིང་སྡེའི་གསང་སྤྱོད་ཁང་གི་ཁྱབ་ཚད་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་གསུམ་ལ་སླེབས་ཤིང་། འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གཉིས་ལ་མཐོ་རུ་བཏང་ནས། སྡེ་བའི་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ལུང་ལིས་ཀྱིས་ངོ་སྤྲོད་བྱེད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཞིང་སྡེའི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་བདེ་ཐང་མཚོ་སྔོན་འཐབ་ཇུས་ཀྱི་སྤྱིའི་སྒྲིག་གཞིའི་ཁྲོད་བཞག་ནས། ཞིང་སྡེའི་ཁོག་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པ་དང་། ཞིང་སྡེའི་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་དང་ཞིང་སྡེའི་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་ལྟར། བདེ་ཐང་ཞིང་སྡེ་འཛུགས་སྐྲུན་གྱི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད།
བདེ་ཐང་ཞིང་སྡེ་འཛུགས་སྐྲུན་གྱི་ཕྱོགས་ནས། མཚོ་སྔོན་གྱིས་རོང་འབྲོག་ཁུལ་གྱི་ཆུ་འདོན་དང་ཆུ་འབུད། གད་སྙིགས་གཙང་སེལ་བྱེད་པ་སོགས་ཀྱི་སྒྲིག་ཆས་ལ་སྔར་ལས་མ་རྩ་བཏང་སྟེ། འཐུང་ཆུའི་བདེ་འཇགས་དང་། བཙོག་ཆུ་ཚད་ལོངས་ཕྱིར་འབུད། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་པ་བཅས་ལ་འགན་ལེན་བྱས།
རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་པ་དང་། སྡེ་བའི་གཙང་སྦྲའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། ཆུ་འདོན་དྲ་རྒྱ་ལེགས་བཅོས་བྱས་ཤིང་འཐུང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱས་པ་དང་། ཞིང་སྡེའི་གཞི་ཁྱོན་ཅན་གྱི་ཆུ་འདོན་བཟོ་སྐྲུན་འཛུགས་སྐྲུན་དང་རྣམ་པ་ཆུང་བའི་ཆུ་འདོན་བཟོ་སྐྲུན་ཚད་ལྡན་ཅན་གྱི་བསྒྱུར་སྐྲུན་ལ་སྐུལ་འདེད་བཏང་། ཚན་རིག་དང་མཐུན་པའི་སྒོ་ནས་གསང་སྤྱོད་ཁང་བསྒྱུར་སྐྲུན་བྱེད་པའི་རྣམ་པ་གདམ་གསེས་བྱས་པ་དང་། གསང་སྤྱོད་ཁང་གི་ཁྱབ་ཚད་མཐོར་འདེགས་བཏང་། མི་འབོར་གཅིག་འདུས་ཁུལ་ཁོངས་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱས་པ་དང་། སྐྱེ་ཁམས་བཙོག་ཆུ་གཙང་སེལ་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ཕྱིར་འབུད་དོ་དམ་ལ་ཤུགས་བསྣན། ཞིང་སྡེའི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པའི་ཆུ་ཚད་མཐོར་འདེགས་བཏང་བ་དང་། སྐྱེ་ལྡན་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་གྱི་གཙང་སེལ་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། སྡེ་བས་གཅིག་སྡུད་དང་ཡུལ་ཚོས་དབོར་སྐྱེལ། རྫོང་གིས་གཙང་སེལ་བྱེད་པ་བཅས་ཀྱི་རྣམ་པ་དོན་འཁྱོལ་བྱས།
ཞིང་སྡེའི་དག་གཙང་ནུས་ཁུངས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། དག་གཙང་ནུས་ཁུངས་ཀྱི་བེད་སྤྱོད་བསྡུར་ཚད་མཐོ་རུ་བཏང་། རོང་འབྲོག་ཁུལ་གྱི་འཛེར་སྒྲའི་སྦག་བཙོག་རིགས་དབྱེ་ནས་དོ་དམ་ཚོད་འཛིན་བྱས་པ་དང་། བཟོ་ལས་ཀྱི་འཛེར་སྒྲར་དོ་དམ་ནན་མོ་བྱས་ཏེ། ཁེ་ལས་ཀྱི་འཛེར་སྒྲའི་སྦག་བཙོག་གནད་དོན་ལ་གྲལ་བཤེར་བྱས་པར་མ་ཟད་ཁྲིམས་ལྟར་ཐག་གཅོད་བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱི་འཛེར་སྒྲ་ཉུང་གཏོང་བྱེད་པར་ཁྲིད་སྟོན་བྱས་ནས། དེ་སྡེ་ཁྲིམས་དམངས་སྲོལ་ཁྲོད་འཇོག་པར་སྐུལ་འདེད་བཏང་། དེ་དང་མཉམ་དུ། ཞིང་སྡེའི་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ལ་སྐུལ་འདེད་བཏང་བ་དང་། དེ་ཁོར་ཡུག་ལེགས་བཅོས་བྱེད་པར་ཟུང་འབྲེལ་བྱས་ནས། གསུམ་སེལ་གསུམ་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། ཁོར་ཡུག་གཙང་སྦྲ་དང་ཐ་མག་ཚོད་འཛིན། གད་སྙིགས་རིགས་དབྱེ་སོགས་དང་བླངས་པའི་རུ་ཁག་བཙུགས།
ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ནས། མཚོ་སྔོན་ཞིང་སྡེའི་འདེབས་འཛུགས་གསོ་སྤེལ་ལས་རིགས་དང་འབྲེལ་ཡོད་ཐོན་ལས་རིམ་སྤོར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་རེད། རོང་འབྲོག་མང་ཚོགས་ཀྱིས་རང་ཞིང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་རིན་ཐང་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་དང་ཚན་ཞིབ་ལས་ཁུངས་ཀྱིས་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་ལས་སྣོན་བྱེད་པའི་ལག་རྩལ་གསར་གཏོད་དང་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོང་འབྲོག་ཁུལ་གྱི་བདེ་ཐང་ཐོན་ལས་ཟོང་རྟགས་བསྐྲུན་རྒྱུ་རེད། ཀྲུང་ལུགས་སྨན་སྣ་འདེབས་འཛུགས་དང་ལས་སྣོན། རིག་གནས་ཡུལ་སྐོར་གྱི་བརྒྱུད་རིམ་ཧྲིལ་བོའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་ཟས་སྨན་བེད་སྤྱོད་ཁྱབ་ཁོངས་འཚོལ་ཞིབ་བྱེད་རྒྱུ་རེད། སྲོལ་རྒྱུན་ཞིང་ཕྱུགས་ལས་གསོ་སྤེལ་དེ་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། གངས་ལྗོངས་ཀྱི་བདེ་ཐང་ཐོན་ལས་མ་ལག་འཛུགས་རྒྱུ་རེད།