ཆེད་དོན་འགུལ་སྐྱོད་ཀྱི་ཕན་འབྲས་སྔར་ལས་མཐོར་འདེགས་བྱེད་པ་དང་། ཆེད་དོན་འགུལ་སྐྱོད་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་དཀའ་ཁག་ཡོད་པའི་བྱིས་པ་དང་བུད་མེད་ལ་ཆེད་དོན་ཁྲིམས་འཛིན་རོགས་སྐྱོབ་བྱེད་པའི་བྱ་བ་སྤེལ་བའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་པ་དང་། གྱོད་གཞིར་འབྲེལ་བའི་དཀའ་ཁག་ཡོད་པའི་ཚོགས་པར་མུ་མཐུད་དུ་སྣ་མང་ཅན་གྱི་རོགས་སྐྱོབ་རྒྱབ་སྐྱོར་འདོན་སྤེལ་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་གང་ལེགས་བྱས།
ལག་བསྟར་བསམ་འཆར་གྱིས་དམིགས་བསལ་སྲུང་སྐྱོབ་དང་སྔོན་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལ་དམ་པོར་དམིགས་ནས། རོགས་སྐྱོབ་བྱ་ཡུལ་དེ་གྱོད་གཞིར་འབྲེལ་བའི་དཀའ་ཁག་ཡོད་པའི་ཚོགས་པ་རིགས་བཅུ་གཅིག་ལ་གནད་འཁེལ་སྒོས་གཏན་འཁེལ་བྱས་ཤིང་། དེའི་ཁྲོད་དུ་ཉེས་པ་བཟོས་ནས་རྨས་སྐྱོན་ཕོག་པ་དང་། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཙོ་བོ་ཤོར་བ། གཉོར་སྐྱོང་གྲོན་དངུལ་བདའ་འདེད་བྱེད་དཀའ་བ་སོགས་ཀྱི་ནར་མ་སོན་པའི་མི་དང་། ཁྱིམ་ཚང་གི་གཉོར་སྐྱོང་འོས་འགན་ཁུར་བའི་བུད་མེད་དང་། ནད་ལྕི་མོ་ཕོག་པ་དང་ཡང་ན་དབང་བོ་སྐྱོན་ཅན། བུད་མེད་རྒན་པ་སོགས་འདུས་ཡོད། རོགས་སྐྱོབ་བྱེད་ཐབས་ལ་སེམས་ཁམས་གསོ་བ་དང་། འཚོ་བ་བདེ་འགོད། སློབ་གསོའི་རྒྱབ་སྐྱོར། སྨན་བཅོས་ཁམས་གསོ། ཁྲིམས་ལུགས་རོགས་སྐྱོར་སོགས་རིགས་ཆེན་པོ་བརྒྱད་ཚུད་ཡོད་ལ། དངོས་པོའི་རོགས་སྐྱོར་དང་ཁེ་དབང་འགན་སྲུང་མཉམ་འབྲེལ་གྱི་ཕྱོགས་བསྡུས་རོགས་སྐྱོབ་མ་ལག་བཙུགས།
ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མིར་ཞིབ་བཤེར་བྱེད་པའི་སྡེ་ཁག་གིས་ནར་མ་སོན་པའི་མིར་འབྲེལ་བའི་གྱོད་གཞིར་རིམ་པ་བཞིན་གྲལ་བཤེར་བྱས་པ་དང་། རང་འགུལ་སྒོས་རོགས་སྐྱོབ་དབང་ཆ་བསྒྲགས་པར་མ་ཟད་ཁུངས་སྣེ་བརྒྱུད་སྤྲོད་བྱས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཆ་རྐྱེན་དང་འཚམ་པའི་དཀའ་ཁག་ཡོད་པའི་ཚོགས་པ་མཐོང་ཚེ། ཞིབ་དཔྱོད་ལས་ཁུངས་ལ་དུས་ཐོག་ཏུ་རྒྱུ་ཆ་བརྒྱུད་སྤྲོད་བྱས་ནས། རོགས་སྐྱོབ་ཁུངས་སྣེ་ཕྱོགས་གཉིས་ནས་མཐོང་བ་མངོན་འགྱུར་བྱས། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་མཉམ་འབྲེལ་བྱེད་པའི་རོགས་སྐྱོབ་རྐྱེན་སྲོལ་བཙུགས་པ་དང་། ལས་རིམ་མགོ་རྩོམ་པ་དང་ཇུས་གཞི་གཏན་འབེབས་བཟོ་བ་ནས་ཕྱིར་ལྡོག་རྗེས་འདེད་བར་སིམ་གདུབ་རྣམ་པ་གྲུབ་ཡོད། དེ་དང་མཉམ་དུ། ཕྱོགས་གཉིས་ཀྱིས་འབྲེལ་གཏུག་མི་སྣ་གཏན་འཁེལ་བྱས་ཏེ། དུས་བཅད་གྲོས་མོལ་དང་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་པ་དང་། དམངས་སྲིད་དང་སློབ་གསོ། སྨན་བཅོས་སོགས་སྡེ་ཁག་མཉམ་འགུལ་སྒོས་ཆ་འཕྲིན་འབྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་བྱ་བའི་དྲ་རྒྱ་བཙུགས་ནས། རོགས་སྐྱོབ་བྱ་ཡུལ་དེ་སྤྱི་ཚོགས་རོགས་སྐྱོབ་མ་ལག་ནང་འཇོག་པར་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྦྲེལ་མཐུད་མཉམ་ཤུགས་ཆགས། དེ་ལས་གཞན། ཆེད་དོན་རོགས་སྐྱོབ་བྱ་བ་དེ་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་རིམ་གཙོ་བོར་བཞག་ནས། རིམ་པ་གོང་མའི་ལས་ཁུངས་ཀྱིས་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཆེད་དོན་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ཁྲོད་བཞག་སྟེ། ཆེད་དངུལ་ཆེད་སྤྱོད་ལག་བསྟར་བྱེད་པ། རོགས་སྐྱོབ་བྱ་བ་རྒྱུན་མཐུད་ཐུབ་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་པ་དང་། དུས་ཚིགས་ཀྱི་སྙན་ཞུ་དང་ལོ་ཧྲིལ་བོའི་དཔྱད་འཇོག་ལམ་ལུགས་བཙུགས་ནས། རོགས་སྐྱོབ་ཀྱི་གནད་འཁེལ་རང་བཞིན་དང་བྱེད་ཐབས་ཀྱི་ནུས་ལྡན་རང་བཞིན་སོགས་ལ་རྟོག་ཞིབ་དཔྱད་འཇོག་བྱེད་པ་དང་། བྱ་བའི་རྐྱེན་སྲོལ་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་རྒྱུ་རེད།