ཞང་ཀང་སྨྱན་བྱད་ཀྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བཅར་འདྲི་སྤེལ་བ་བདེ་བླག་ངང་མཇུག་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས1ཉིན། མཇུག་མཐའི་བཅར་འདྲིའི་ས་ཚིགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྟོག་ཞིབ་མཇུག་བསྡུས་པ་དང་བསྟུན་ནས། མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱིས་མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་འཆད་པ་ཞེས་པ་བརྗོད་དོན་ཡིན་པའི་ཞང་ཀང་སྨྱན་བྱད་ཀྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བཅར་འདྲི་བྱེད་པའི་བྱེད་སྒོ་དངོས་སུ་མཇུག་བསྡུས། ཐེངས་འདིའི་དུས་ཡུན་ཉིན་དྲུག་གི་ལས་རིམ་ལས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པར་གཏིང་ཟབ་ཏུ་འདྲེས་པར་བྱས་ཤིང་། 2025ལོའི་མཚོ་སྔོན་དང་ཀང་ཞང་གི་ཉོ་ཚོང་བརྗེ་རེས་གྲུབ་འབྲས་དངོས་འབེབས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ནས། མཚོ་སྔོན་དང་ཞང་ཀང་གིས་མཉམ་ལས་གཏིང་ཟབ་སྤེལ་བའི་ལེའུ་གསར་པ་ཞིག་གི་འགོ་བརྩམས།

ཞང་ཀང་གི་དེང་རབས་ཅན་ཡར་སྐུལ་ཆེད་ལས་མི་སྣའི་མཐུན་ཚོགས་དང་། བརྙན་འཕྲིན་རྒྱང་སྒྲོག་ཚད་ཡོད་ཀུང་སི། ཞང་ཀང་ཏ་ཀུང་ཝུན་ཧོས་སྨྱན་བྱད་ཁྱབ་སྒྲོག་སྡེ་ཚོགས། ཆོན་སྨྱན་བྱད་ཁྱབ་སྒྲོག་སོགས་ཀྱིས་གྲུབ་པའི་སྣ་མང་སྨྱན་བྱད་ཚོགས་པས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་བརྒྱུད་དེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་གསར་གཏོད་ལག་ལེན་ལ་དམིགས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་སྲོག་རྩ་འཚོལ་སྙེག་གི་འདོམ་པས་འཇལ་ཡོད། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་རྟེན་གཞི་དང་། དག་གཙང་ནུས་ཁུངས་ཐོན་ལས་གླིང་། ཁྱད་ལྡན་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ། སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་སོགས་སུ། འཐུས་ཚབ་ཚོགས་པས་བརྙན་མིག་དང་སྨྱུག་རྩལ་བཀོལ་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་གཞི་མང་པོ་འཚོལ་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཐེངས་འདིར་ཞང་ཀང་གི་སྨྱན་བྱད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་གདན་འདྲེན་ཞུས་པ་ནི།  མཚོ་སྔོན་དང་ཞང་ཀང་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གསར་གཏོད་བྱེད་ཐབས་ཤིག་དང་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། ཐེངས་འདིའི་བྱེད་སྒོ་ལས་མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོར་འཆད་པ་གཙོར་བཟུང་ཡོད་ཅིང་། ཞང་ཀང་སྨྱན་བྱད་ཀྱིས་ཡུལ་དངོས་བཅར་འདྲི་དང་རྟོག་ཞིབ་བྱས་པ་བརྒྱུད། ཡི་གེ་དང་བརྙན་རིས། བརྙན་ཐུང་སོགས་ཀྱི་མཚོན་སྟངས་སྣ་མང་ལ་བརྟེན་ནས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། ཉོ་འཚོང་བརྗེ་རེས་སོགས་ཕྱོགས་ཀྱི་གཏམ་རྒྱུད་མང་པོ་སྔོག་འདོན་བྱས་ཤིང་། ལྗོངས་རྣམ་ཧྲིལ་བོའི་རྣམ་པས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་དང་། ལྗང་མདོག་ཐོན་སྐྱེད་ཀྱི་མཛེས་པ། མང་ཚོགས་ཀྱི་མཛེས་སྡུག་འཚོ་བ་བཅས་ཡོངས་སུ་མངོན་པར་བྱས་ལ། ཞང་ཀང་སྨྱན་བྱད་ཀྱི་རྒྱལ་སྤྱིའི་ཁྱབ་སྒྲོག་དགེ་མཚན་ལ་བརྟེན་ནས། མཚོ་སྔོན་གྱི་རྒྱལ་སྤྱིའི་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ནུས་སྔར་ལས་ཇེ་མཐོར་གཏོང་བར་རོགས་ཤུགས་བཏོན་པ་དང་། ཞང་ཀང་གི་རྒྱལ་སྤྱི་ཅན་གྱི་སྟེགས་བུར་བརྟེན་ནས་སྔར་ལས་མང་བའི་མཚོ་སྔོན་གྱི་ཐོན་རྫས་དང་མཚོ་སྔོན་ཚོང་ཟོང་། མཚོ་སྔོན་གྱི་ཟས་མཆོག་བཅས་ཞང་ཀང་དུ་ཐོན་པ་དང་། འཛམ་གླིང་དུ་ཁྱབ་པར་སྐུལ་འདེད་བཏང་།

ཐེངས་འདིའི་བྱེད་སྒོ་ནི་གསར་འགྱུར་ཁྱབ་སྒྲོག་གི་བྱེད་ཐབས་ཤིག་ཡིན་པར་མ་ཟད། ལྷག་པར་དུ་མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་རྟོག་ཞིབ་མགོ་རྩོམ་ས་རུ་བྱས་ཏེ། ཞང་ཀང་སྨྱན་བྱད་བར་ཡུན་རིང་ཕན་འབྲས་ལྡན་པའི་མཉམ་ལས་རྐྱེན་སྲོལ་ཞིག་འཛུགས་རྒྱུ་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་རྒྱལ་སྤྱི་ཅན་གྱི་སྒུལ་ནུས་བསྣན་ནས། མཚོ་སྔོན་གྱི་གཏམ་རྒྱུད་དེ་འཛམ་གླིང་གར་སྟེགས་སྟེང་མཚར་སྡུག་གི་འོད་སྣང་འཕྲོ་བར་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།