ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་གཙོ་གནད་སྒྲུབ་སྐུལ་བྱ་བ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྒྲུབ་སྐུལ་ཚན་ཆུང་ཞིང་ཆེན་དམངས་སྲིད་ཐིན་དུ་སོང་ནས་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མཱ་ཧུང་གིས་བཏོན་པའི《སྨན་བཅོས་དང་བདག་སྐྱོང་ཟུང་འབྲེལ་གྱི་རྒན་གསོའི་ཐབས་ལམ་གསར་བ་གསོ་སྐྱོང་བྱེད་པའི་སྐོར་གྱི་གྲོས་གཞི》ལ་གཙོ་གནད་སྒྲུབ་སྐུལ་བྱས།

སྒྲུབ་སྐུལ་ཚན་ཆུང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཀྲུང་ཧྥང་སཱ་ཨར་སི་པའོ་ཁམས་གསོ་ལྟེ་གནས་དང་ཐུང་ཧའེ་ལམ་སྲང་ལམ་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་སོང་ནས། ཡུལ་དངོས་ནས་རང་ཞིང་གི་རྒན་གསོའི་ཞབས་ཞུ་དང་སྨན་བཅོས་དང་བདག་སྐྱོང་ཟུང་འབྲེལ་གྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གནས་ཚུལ་སྙན་ཞུར་གསན། འཐུས་མི་མཱ་ཧུང་གིས་གྲོ་གཞི་སྒྲུབ་པའི་གནས་ཚུལ་ལ་ཡིད་ཚིམས་པའི་ཚུལ་བསྟན།

སྒྲུབ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་སྲོལ་སྲིད་ཇུས་ལ་དམ་པོར་དམིགས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གིས་མཐུན་སྦྱོར། སྤྱི་ཚོགས་ཡོངས་ཧུར་ཐག་གིས་ཟབ་ཞུགས་བྱེད་པའི་རྒན་གསོའི་ཞབས་ཞུའི་རྐྱེན་སྲོལ་འཛུགས་པ། རྒན་གསོའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས། ལོ་ལོན་རྒན་པའི་རིམ་པ་མང་བ་དང་རྣམ་པ་མང་པོའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པོར་བསྐོང་དགོས། བཅོས་སྒྱུར་གསར་སྐྲུན་འབུར་དུ་ཐོན་པ་དང་། རྒན་གསོའི་ཐབས་ལམ་གསར་བ་འཕེལ་རྒྱས་སུ་གཏོང་བ། ཁྱིམ་སྡོད་རྒན་གསོའི་གཞུང་ལུགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞིས་ཁུལ་གྱི་ནང་འཇུག་རྣམ་པའི་རྒན་གསོའི་ལས་ཁུངས་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པའི་རྨང་གཞིའི་སྟེང་། སྨན་བཅོས་དང་ཁམས་གསོ་སོགས་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ནང་བཅུག་ནས། ལོ་ལོན་རྒན་པས་རང་ཁྱིམ་གྱི་སྒོ་ཁ་ནས་སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། ཡུལ་གནས་མི་འདྲ་བའི་ལོ་ལོན་རྒན་པའི་ཞབས་ཞུའི་མྱོང་ཚོར་ལ་མཐོང་ཆེན་བྱས་ནས། ལོ་ལོན་རྒན་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་ཚོར་བཅས་མུ་མཐུད་དུ་ཆེ་རུ་གཏོང་དགོས། བཅའ་ཁྲིམས་ཀྱི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་དང་། འཐུས་མིས་བཏོན་པའི་གྲོས་གཞི་ལྟར་བསྒྲུབས་པ། 《མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག》གི་ཁྲིམས་འཛུགས་གོ་རིམ་ཁྲོད་འདྲ་བཤུས་བྱེད་ཆོག་པ་དང་ཁྱབ་བརྡལ་བཏང་ཆོག་པའི་ཉམས་མྱོང་བསྡུ་ལེན་བྱས་ནས། མ་ལག་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་སྔར་ལས་ལེགས་པོའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་བཟང་པོར་བརྟེན་ནས་ལེགས་བཅོས་བྱས་ཏེ། ལོ་ལོན་རྒན་པའི་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ངེས་པ་དོན་གྱིས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་པར་སྟོན་ས་ཡོད་པ། རྒས་དུས་བསླབ་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།