ཟླ6པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་མུ་རི་གཏེར་ཁུལ་དུ་བསྐྱོད་དེ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་དམ་པོར་བཅངས་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་དངོས་སུ་ཤུགས་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།
ལོ་ལྔའི་རིང་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། དེ་སྔོན་ཉམས་ཆག་ཆེན་པོ་བྱུང་བའི་མུ་རི་གཏེར་ཁུལ་ལ་ལྗང་མདོག་དང་གསོན་ཤུགས་ཀྱིས་ཁེངས་ཡོད་ལ། རྩྭ་ཆུ་ཕུན་སུམ་ཚོགས་ཤིང་བྱ་བྱེའུ་དང་སྲོག་ཆགས་ཡང་བསྐྱར་འདུ་ཡོད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སྔ་རྗེས་སུ་སྤྱང་ཚང་གཏེར་ཁྲོན་དང་པོ་དང་། གྲོག་རྒན་གཏེར་ཁྲོན་གསུམ་པ་དང་ལྔ་པ་རུ་སོང་ནས། ཡུལ་དངོས་སུ་རྩྭ་འདེབས་པ་དང་ལྗང་མདོག་སླར་གསོ། གསོ་སྐྱོང་དོ་དམ། གནས་སྐབས་ཀྱི་འཛུགས་སྐྲུན་དངོས་པོ་བཤིག་པ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། ཁོ་ཚོས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་བྱུང་བའི་འགྱུར་ལྡོག་དང་། དེ་མིན་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྒྱ་ཆེའི་འཛུགས་སྐྲུན་བྱེད་མཁན་དང་ལས་བྱེད་པ་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག་གི་འགན་འཁྲི་སྔར་ལས་ཕྲག་ཏུ་བླངས་ནས། སྙིང་རུས་གཏན་འཁྱོངས་དང་གནད་འཁེལ་ཇུས་འདོན་བྱས་ཏེ། ཚན་རིག་དང་མཐུན་པའི་ལྟ་ཞིབ་དོ་དམ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ། མི་ཐབས་ས་ཉམས་གསོ་ནས་རང་བྱུང་སླར་གསོར་གོ་རིམ་ལྡན་པའི་ངང་བར་བརྒལ་བྱུང་སྟེ། སྔ་མོ་ནས་དམངས་ལ་རྩྭ་ས་དང་རང་བྱུང་ལ་ལྗང་མདོག་སྩོལ་དགོས་པ་ནན་གྱིས་བསྟན།
མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ཕྱོགས་ཡོངས་ནས་འགྲུབ་ཡོད་མོད། འོན་ཀྱང་གྲོག་རྒན་གཏེར་ཁྲོན5པའི་བྱང་ཕྱོགས་བྲག་ལྡེབས་ཀྱི་དམར་མདོག་གི་ཉེན་བརྡའི་ཡི་གེ་སྔར་བཞིན་མངོན་གསལ་རེད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། མུ་རི་ས་ཁུལ་དུ་གང་བྱུང་དུ་སྔོག་འདོན་བྱས་པ་ནི་མཚོ་སྔོན་གྱི་ལས་བྱེད་པ་ཚང་མའི་སེམས་ཀྱི་སྡུག་བསྔལ་ཞིག་རེད། ཉེན་བརྡ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསླབ་བྱ་བློ་ལ་བརྟན་པོར་འཛིན་དགོས་པ་དང་གྱོད་གཞི་དཔྱད་གཞིར་འཛིན་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་བྱེད་པ། ལོ་རྒྱུས་དང་མ་འོངས་པར་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱིས་ད་ཡོད་ཀྱི་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། དྲིལ་སྒྲོག་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། ཉེན་བརྡའི་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་མཐོ་སྒང་གི་མཐོ་འཁྱག་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་དཔེ་མཚོན་གྱོད་དཔེ་བསྐྲུན་ནས་དཔྱད་གཞི་ནུས་ལྡན་འདོན་སྤྲོད་བྱ་དགོས།
ཕྱིར་ལོག་པའི་ལམ་བར་དུ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་པོའི་སྟོད་རྒྱུད་བུ་ཧ་ཆུ་བོ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།