ད་ལོའི་ནུས་ཁུངས་གསར་པའི་རླངས་འཁོར་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་བསྟུན་ནས། ས་གནས་སོ་སོས་སྤུས་ལེགས་ཐོན་ཁུངས་གྲོང་གསེབ་ས་ཁུལ་དུ་ཕྱོགས་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་འདྲ་མིན་དང་འཐུས་སྒོ་ཚང་བའི་གློག་གསོག་རྨང་གཞིའི་སྒྲིག་ཆས་སོགས་ནུས་ཁུངས་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་བསྐྱོད་པའི“འགག་གནད”གང་མགྱོགས་སྒོས་སེལ་ནས། ཞིང་སྡེའི་འཛད་སྤྱོད་ལ་གསོན་ཤུགས་གསར་པ་འཕེལ་དུ་བཅུག
ཉིན་འདི་དག་གི་རིང་ལ། ཅང་སུའུ་རུའུ་ཀའོ་ཡི་རླངས་འཁོར་བཅོང་སའི་ཚོང་ཁང་ཆེ་གྲས་ཁག་ཏུ། མཐའ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་མི་མང་པོ་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ནུས་པ་དང་གཟིགས་སྐྱོང་སྲིད་ཇུས་ལ་རྒྱུས་ལོན་བྱེད་དུ་ཡོང་ཡོད། སྡེ་མི་ལིའུ་ཡུང་ཅན་གྱིས་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད་ལ། ནམ་རྒྱུན་ཡུལ་ཚོ་དང་གྲོང་རྡལ་བར་དུ་འགྲོ་འོང་བྱེད་དགོས་པར་མ་ཟད། ནན་ཐུང་དུ་དངོས་པོ་སྐྱེལ་འདྲེན་བྱེད་དགོས་པར་བརྟེན། ཁོས་རང་ཉིད་ཀྱི་འཚོ་བ་དང་ཚོང་ལས་གཉིས་ཀར་བེད་སྤྱོད་ཐུབ་པའི་རླངས་འཁོར་ཞིག་འདེམས་འདོད་ཡོད།
ཅང་སུའུ་ཞིང་ཆེན་རུའུ་ཀའོ་གྲོང་ཁྱེར་ཏུང་ཁྲིན་གྲོང་རྡལ་པེ་ཀྲོང་སྡེ་བའི་སྡེ་མི་ལིའུ་ཡུང་ཅན་གྱིས་བཤད་རྒྱུར། མཚམས་རེ་ཉིན་གཅིག་ལ་སྤྱི་ལེ་ཉིས་བརྒྱ་ལྷག་ལ་རྒྱུག་དགོས། ཁོ་ཚོས་གློག་འཁོར་འདིར་རང་ཁྱིམ་དུ་གློག་གསོག་ཚེ་སྤྱི་ལེ་གཅིག་ལ་སྒོར་ཟུར5ཙམ་ལས་གཏོང་མི་དགོས་ཟེར། དེ་བས་ཉིན་གཅིག་གི་རླངས་འཁོར་གྱི་གློག་རིན་རྩིས་བརྒྱབ་ན་སྒོར་བརྒྱད་ཅུ་ནས་བརྒྱ་མ་གཏོགས་འགྲོ་བཞིན་མེད།
གསར་འགོད་པས་ཤེས་གསལ་ལྟར་ན། ད་ལོའི་ནུས་ཁུངས་གསར་པའི་རླངས་འཁོར་གཞི་རིམ་དུ་བསྐྱོད་པའི་རླངས་འཁོར་དེ་གྲོང་གསེབ་ས་ཁུལ་གྱི་འཛད་སྤྱོད་པའི་དགོས་མཁོ་དང་ཧ་ཅང་འཚམ། དཔེར་ན། ཟོང་འགྲུལ་ལས་གཏོད་ཕྱུག་འགྱུར་གྱི་འཛད་སྤྱོད་པར་མཚོན་ན། རླངས་འཁོར་མི་ཉུང་བ་ཞིག་ལ་དངོས་པོ་འདྲུད་བྱེད་ཀྱི་སྒམ་ཆེན་པོ་ཡོད་པས། སྐྱེལ་འདྲེན་གྱི་མ་རྩ་ཇེ་ཉུང་དུ་གཏོང་ཐུབ། བཟའ་མི་མང་པོའི་འཛད་སྤྱོད་པར་མཚོན་ན། རླངས་འཁོར་མི་ཉུང་བ་ཞིག་གིས་རྐུབ་སྟེགས་ལྔ་ཅན་དང་དྲུག་ཅན། བདུན་ཅན་བཅས་འདོན་སྤྲོད་བྱས་ཡོད་པས། ས་གནས་སོ་སོས་ཀྱང་རླངས་འཁོར་གྱི་ཁེ་ལས་ལ་མཉམ་འབྲེལ་བྱས་ནས་ཆེད་དམིགས་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།
ཧི་ནན་ཞིང་ཆེན་ལའོ་ཧི་གྲོང་ཁྱེར་ཡོན་ཧུའེ་ས་ཁུལ་ཏ་ལིའུ་གྲོང་རྡལ་ཏུང་ཝང་སྡེ་བའི་སྡེ་མི་ཀྲང་ཝུན་ཆིས་ཀྱིས་བཤད་རྒྱུར། རླངས་འཁོར་ཉོ་བའི་ཁྲལ་དང་། རླངས་འཁོར་དང་གྲུ་གཟིངས་ཉོ་བའི་སྐབས་ཀྱི་དཔྱ་ཁྲལ་མེད་པར་བཟོས་ཡོད་པར་མ་ཟད། ད་དུང་ཁེ་སྤྲོད་གཟིགས་སྐྱོང་དང་རླངས་འཁོར་ཉོས་རྗེས་ཀྱི་ལེགས་སྐྱེས་སྣ་ཚོགས་ཡོད། གཟིགས་སྐྱོང་བྱེད་ཐབས་འདི་དག་གིས་ང་ལ་སྒོར་ཁྲི་གསུམ་ལ་ཉེ་བ་གྲོན་ཆུང་བྱས་སོང་ཟེར།
ད་ལོའི་ནུས་ཁུངས་གསར་པའི་རླངས་འཁོར་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དང་རྫོང་ཁོངས་སུ་གློག་གསོག་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་སྲིད་ཇུས་ཀྱིས་མཉམ་དུ་ནུས་པ་བཏོན་ཞིང་། རིམ་རྩིས་ལྟར་ན་རྫོང་ཁོངས་ཀྱི་གློག་གསོག་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་ཚོད་ལྟའི་རྫོང75བཙུགས་ནས། ཞིང་སྡེ་ས་ཁུལ་གྱི་གློག་གསོག་བརྗེ་སྤྲོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་། ཀྲེ་ཅང་ཀྲུའུ་ཅི་ཡིས་ད་ལོ་ནས་བཟུང་སྤྱི་པའི་གློག་གསོག་འཕྲུལ་ཆས450གསར་དུ་ཁ་སྣོན་བྱས་པར་བརྟེན། ན་ནིང་ལས་བརྒྱ་ཆའི50འཕར་ཡོད།
ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་ཆེད་དོན་དྲུང་ཡིག་ཆེན་མོ་གཞོན་པ་ཞུས་ཧའེ་ཏུང་གིས་བཤད་རྒྱུར། ནུས་ཁུངས་གསར་པ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་བསྟུན་ནས། ཞིང་སྡེ་ས་ཁུལ་གྱི་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཞིང་སྡེ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དེ་མིན་ཞིང་སྡེའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་སོགས་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྩལ་ཡོད་ཟེར།