ཉེ་ལམ། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། རྡོ་སོལ་དག་གཙང་དང་ནུས་མཐོ་སྒོས་བེད་སྤྱོད་གཏོང་བའི་ཆུ་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་། རྡོ་སོལ་གྱི་ནུས་ཁུངས་བདེ་འཇགས་ཐད་ཀྱི་མ་མཐའི་འགན་སྲུང་བྱེད་ནུས་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བཟང་པོ་བྱེད་པ། ནུས་ཁུངས་ལྗང་མདོག་ཐཱན་ཉུང་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད། ཞིང་ཆེན་སྲིད་གཞུང་ལ་རེ་ཞུ་བྱས་ཏེ་ཡིད་འཐད་བྱུང་བ་བརྒྱུད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ནུས་ཁུངས་ཅུའུ་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་བྱས་ཏེ་རྡོ་སོལ་དག་གཙང་དང་ནུས་མཐོ་སྒོས་བེད་སྤྱོད་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི་དཔར་འགྲེམས་བྱས།
ཇུས་གཞི་ལས་གསར་སྤེལ་དང་ཐོན་སྐྱེད། གསོག་སྐྱེལ། བེད་སྤྱོད་དང་འགན་སྲུང་བྱེད་ཐབས་སོགས་ཕྱོགས་ནས་རྡོ་སོལ་དག་གཙང་དང་ནུས་མཐོ་སྒོས་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་ཞིབ་ཚགས་ཅན་དུ་གཏོང་བའི་བྱ་བ་གཙོར་བཟུང་ཡོད་ཅིང་། འགན་འཁྲི་ཁག་བགོས་བྱས་པ་གསལ་བོ་ཡིན་ལ། གཅིག་འདོམས་མཐུན་སྦྱོར་སྔར་ལས་ཤུགས་དྲག་ཏུ་གཏོང་བ་དང་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། ནུས་ཁུངས་བརྟག་ཞིབ་ལ་ཤུགས་སྣོན་པ་དང་། འཆར་གཞིའི་བཀོད་པ་ལེགས་སྒྱུར་བྱེད་པ། ནུས་མཐོ་སྒོས་གསར་སྤེལ་གཅིག་སྡུད་བྱེད་པ་སོགས་བརྒྱུད་དེ་རྡོ་སོལ་ལྗང་མདོག་མཐུན་སྦྱོར་སྒོས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་རིག་ནུས་ཅན་གྱི་འཕེལ་རྒྱས་དང་དག་གཙང་ཐོན་སྐྱེད་ཆུ་ཚད་ཇེ་མཐོར་གཏོང་བ། ནུས་གྲོན་ཁོར་སྲུང་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཇེ་མགྱོགས་སུ་བཏང་ནས། རྡོ་སོལ་བདེ་འཇགས་གནོད་མེད་སྒོས་ཐོན་སྐྱེད་བྱེད་པ་ཤུགས་དྲག་ཏུ་གཏོང་དགོས། གསོག་སྐྱེལ་དྲ་རྒྱ་ལེགས་སྒྱུར་དང་། དག་གཙང་གསོག་སྐྱེལ་ཁྱབ་སྤེལ་གཏོང་བ། འཁོར་རྒྱུགས་ནུས་ཕྱོད་ཇེ་མཐོར་གཏོང་བ་སོགས་བྱས་ཏེ་རྡོ་སོལ་དག་གཙང་ནུས་མཐོ་སྒོས་གསོག་སྐྱེལ་ཐུབ་པར་སྐུལ་འདེད་གཏོང་དགོས། རྡོ་སོལ་འཛད་སྤྱོད་ཀྱི་སྤྱི་འབོར་ལུགས་མཐུན་སྒོས་ཚོད་འཛིན་བྱེད་པ་དང་། རྡོ་སོལ་དང་གློག་གི་ལས་རིགས་ཀྱི་སྙིགས་འཕྲི་ཐཱན་ཉུང་ལ་སྐུལ་འདེད་གཏོང་བ། ལས་རིགས་གཙོ་བོས་རྡོ་སོལ་བཀོལ་བའི་བྱེད་ནུས་མཐོ་རུ་གཏོང་བ། རྡོ་སོལ་མ་རྒྱུ་ཅན་གྱི་བེད་སྤྱོད་གོ་རིམ་ལྡན་པར་འཕེལ་རྒྱས་གཏོང་བ། རྡོ་སོལ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། རྡོ་སོལ་སྤུས་ཀ་དང་རིམ་པ་བགར་ནས་བེད་སྤྱོད་གཏོང་བ་སོགས་ཀྱི་ལས་དོན་བཟང་པོར་སྒྲུབ་སྟེ། རྡོ་སོལ་གྱི་སྣེ་མང་ནུས་མཐོའི་བེད་སྤྱོད་བྱ་བ་དམ་འཛིན་གང་ལེགས་བྱ་དགོས། རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་པ་དང་། སྲིད་ཇུས་རྒྱབ་སྐྱོར་ཆེ་རུ་གཏོང་བ། མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རྡོ་སོལ་དག་གཙང་ནུས་མཐོ་སྒོས་བེད་སྤྱོད་བྱེད་པར་འགན་སྲུང་དང་ཤུགས་སྣོན་བྱེད་པའི་ལས་དོན་གོ་རིམ་ལྡན་པར་སྤེལ་དགོས།