མདོ་ལ་རྫོང་གིས་དེང་རབས་ཕྱུགས་ལས་ཀྱི་ལེའུ་གསར་བ་འབྲི་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གོམ་གང་མདུན་སྤོས་སྒོས་ཕྱུགས་ལས་དེང་རབས་ཅན་དང་རིག་ནུས་ཅན་གྱི་རྣམ་པར་བསྒྱུར་པར་སྐུལ་འདེད་བྱེད་ཆེད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་མི་མེད་གནམ་གྲུ་གཙོ་བོར་བྱེད་པ་དང་།  བྱང་སྐར་ངེས་གནས་དང་རིག་ནུས་གློག་མིག  དངོས་འབྲེལ་དྲ་རྒྱའི་བཏུང་ཆུ་སོགས་གཞི་གཅིག་བྱས་པའི་རིག་ནུས་ཕྱུགས་ར་ཧུར་ཐག་གིས་འཚོལ་ཞིབ་བྱས།  ཟླ6པའི་ཚེས18ཉིན་བར།  མདོ་ལ་རྫོང་གིས་འབྲོག་པ་མི་དམངས་ལ་ཁ་གཏད་དེ་མི་མེད་གནམ་གྲུའི་བཀོལ་སྤྱོད་དང་ཁྱབ་བརྡལ།  སྲུང་སྐྱོབ་སོགས་ཀྱི་བྱེད་སྒོ12སྤེལ་ཏེ།  རྫོང་ཡོངས་ཀྱི་མངའ་ཁོངས་ན་མི་མེད་གནམ་གྲུ་དང་ངེས་གནས་གཏན་ཁེལ་སྒྲིག་ཆས།  གློག་རྡུལ་གློག་མིག་སོགས་སྒྲིག་ཆས260ལྷག་བཀོད་སྤྱོད་བྱེད་མཁན་གྱི་འབྲོག་པའི་ཁྱིམ་ཚང210ཡོད་པ་དང་།  རིག་ནུས་མ་ལག་ལ་བརྟེན་ནས་སྒོ་ཕྱུགས་ཁྲི་ལྔ་ལྷག་འཚོ་སྐྱོང་བྱེད་བཞིན་ཡོད་ལ།  དེས་ཕྱུགས་འཚོ་སྐྱོང་གི་དུས་ཡུན་བརྒྱ་ཆའི་བདུན་ཅུའི་ཡན་གྲོན་ཆུང་བྱེད་ཐུབ་ལ།  ཕྱུགས་འཚོ་སྐྱོང་གི་མ་རྩ་སྒོར་ཁྲི་གཅིག་ཙམ་གྲོན་ཆུང་བྱེད་ཐུབ།

མདོ་ལ་རྫོང་གི་འབྲོག་ཁུལ་ནི་མཚོ་སྔོན་གྱི་འབྲོག་ཁུལ་གཙོ་བོའི་ནང་གི་གཅིག་ཡིན་ལ།  རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་སྟོང་དགུ་ལྔ་བརྒྱ་ལྷག་ཡོད་པ་དང་།  ཁྱིམ་ཚང་རེའི་རྩྭ་རའི་རྒྱ་ཁྱོན་ལ་སྤྱི་ཆིང26.67ཙམ་ཡོད། ནོར་ལུག་འཚོ་སྐྱོང་གི་གྲངས་ཀ་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཅིག་སྟོང་བདུན་ལྷག་ཡོད་པ་དང་།  འབྲོག་ས་ཁ་ཤས་ནི་རི་ཀླུང་དུ་ཡོད་པ་དང་རྩྭ་ར་ཁ་ཐོར་དུ་ཡོད་པར་བརྟེན།  འབྲོག་པ་མང་ཚོགས་ཀྱིས་ཕྱུགས་འཚོ་སྐྱོང་བྱེད་པར་མི་ཤུགས་དང་རྒྱུ་ཤུགས་གང་མང་གཏོང་དགོས་ལ།  འབྲོག་སའི་དོ་དམ་ནུས་པ་དང་ཕྱུགས་ཟོག་གི་རྒྱུད་སྤེལ་ནུས་པའང་ཅུང་ཞན་པར་གྱུར་ཡོད།  ཉེ་བའི་ལོ་འགའི་རིང་།  མདོ་ལ་རྫོང་གིས་དམའ་འཕུར་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་དང་སྲིད་ཇུས་ཀྱི་སྐུལ་ཁྲིད།  དཔེ་མཚོན་སྐུལ་ཁྲིད།  ལག་རྩལ་གྱི་སྒུལ་ཤུགས།  ཞབས་ཞུའི་སྐུལ་འདེད་བཅས་ལ་བརྟེན་ནས་ཤུགས་ཆེན་པོས་མི་མེད་གནམ་གྲུས་ཕྱུགས་འཚོ་སྐྱོང་གི་རྣམ་པ་གསར་བར་སྐུལ་འདེད་བྱས།  མི་མེད་གནམ་གྲུ་ལ་བརྟེན་ནས་ནོར་ལུག་གི་གནས་ས་གཏན་ཁེལ་དང་རྗེས་འདེད།  ཕྱུགས་ཟོག་གི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་རི་སྤྱང་གི་འཇབ་རྒོལ་ལ་འགོག་སྲུང་བྱེད་པ།  བཀག་སྡོམ་བྱས་པའི་རྩྭ་རར་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཐུབ།  དེ་དང་ཆབས་ཅིག   ཧུར་བརྩོན་སྒོས་རིག་ནུས་ཕྱུགས་ར་ཁྱབ་བརྡལ་བཏང་སྟེ།  དྲ་རྒྱ་དང་ཆེད་ལས་མཉམ་ལས་ཁང་།  དེང་རབས་ཅན་གྱི་འབྲོག་ལས་བཅས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་འགྱུར་བྱས་ནས།  མདོ་ལའི་དེང་རབས་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།