ཞིང་ཆེན་ཡོངས་ཀྱི་འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞིའི་གྱོད་དོན་གྱི་སྤུས་འབྲས་མཐོར་འདེགས་ཆེན་པོ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་དམངས་དོན་ནུས་ཐོན་དཔྱད་མཚམས་དང་བཀའ་བཅད། འདུམ་ཁྲ་ལྟ་སྐུལ་གྱོད་དོན164དང་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་དགུ་ཇེ་མཐོར་སོང་ལ། འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞི7བཏོན་པ་དང་། དེའི་ཁྲོད་ཁྲིམས་ཁང་གིས་གྱོད་དོན5བཀའ་བཅད་བཏང་ནས་ཡང་བསྐྱར་འདྲི་གཅོད་བྱས་ཤིང་། འཕྲོ་ལྷག་གི་གྱོད་དོན་གཉིས་ཐད་ནས་ད་དུང་ཕྱིར་ལན་སློག་པར་སྒུག་ཡོད་ལ། བསྡུ་ལེན་བྱེད་ཚད་བརྒྱ་ཆའི་དོན་གཅིག་དང་གྲངས་ཆུང་བཞི་ལ་སླེབས་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་ཇེ་མཐོར་སོང་ཡོད། འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞིའི་རྩོལ་ནུས་འདོན་སྤེལ་བྱེད་པ་དང་ལྟ་སྐུལ་གྱོད་དོན་གྱི་སྤུས་འབྲས་ཇེ་མཐོར་གཏོང་བའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་དམངས་དོན་ནུས་ཐོན་ཁྲིམས་གཅོད་ལྟ་སྐུལ་གྱོད་གཞིའི་སྤུས་འབྲས་མཐོར་འདེགས་ཆེན་པོ་བྱུང་།

བསྡོམས་རྩིས་བྱས་པ་ལྟར་ན། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་འདྲི་གཅོད་བསྐྱར་མའི་གྲོས་གཞི་གསུམ་བཏོན་པ་དང་། ཁྲིམས་ཁང་གིས་གྱོད་དོན་གསུམ་བསྡུ་ལེན་བྱས་པ་མ་ཟད་ཡང་བསྐྱར་འདྲི་གཅོད་བྱས། མཚོ་ནུབ་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞི་གཉིས་བཏོན་པ་དང་། ཁྲིམས་ཁང་གིས་གྱོད་དོན་བསྡུ་ལེན་བྱས་པར་མ་ཟད་བཀའ་བཅད་བཏང་། 2023ལོའི་ཟླ11པར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་སྒོས་དམངས་དོན་འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞིའི་གྱོད་དོན་བསྒྲུབ་པའི་སྐོར་གྱི་གནད་དོན་འགའ་ཚད་ལྡན་དུ་གཏོང་བའི་གྲོས་གཞི་པར་འགྲེམ་བྱས་རྗེས། རང་ཞིང་གི་ཞིབ་དཔྱོད་ལས་ཁུངས་དམངས་དོན་ཞིབ་དཔྱོད་སྡེ་ཁག་གིས་ལག་བསྟར་ནན་མོ་བྱས་པ་དང་། འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞིའི་སྤུས་ཚད་དམ་འཛིན་བྱས་ལ། དམངས་དོན་ཞིབ་དཔྱོད་མི་སྣ་རྩ་འཛུགས་བྱས་ནས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བསྡུས་པའི་དམངས་དོན་ཞིབ་དཔྱོད་ལས་སྒོའི་གསོ་སྦྱོང་ལ་ཞུགས་པ་དང་། མཛུབ་སྟོན་རང་བཞིན་གྱི་གྱོད་དཔེ་དང་དཔེ་མཚོན་གྱོད་དཔེར་ཞིབ་འཇུག་བྱས་ཏེ། ཧུར་ཐག་གིས་དམངས་དོན་ཞིབ་དཔྱོད་ཉེན་རྟོག་པའི་ལས་སྒོའི་ནུས་པ་མཐོར་འདེགས་བཏང་། ལྟ་སྐུལ་གྱི་འདུ་ཤེས་བསྒྱུར་བ་དང་། ལྟ་སྐུལ་གྱོད་དོན་གྱི་ཁྲིམས་ལྟར་རང་བཞིན་དང་དགོས་ངེས་རང་བཞིན་རྒྱུན་འཁྱོངས་བྱས་ནས། བཅའ་ཁྲིམས་ཀྱི་གཞི་འཛིན་ས་བརྟན་པོ་དང་དཔྱད་མཚམས་བསྒྱུར་སྲིད་པའི་རང་བཞིན་ལྡན་པར་ཁག་ཐེག་བྱས། དེ་དང་མཉམ་དུ། ཐབས་མང་མཉམ་སྤྱོད་ཀྱིས་ལྟ་སྐུལ་གྱོད་དོན་གྱི་སྤུས་ཚད་ཇེ་མཐོར་བཏང་བ་དང་། ཉན་སྒྲུབ་དང་བརྟག་དཔྱད་ཞིབ་བསྡུར་བྱེད་དབང་ཇེ་དྲག་ཏུ་བཏང་སྟེ། ལྟ་སྐུལ་གྱོད་དོན་དོན་དངོས་ཁ་གསལ་ཡིན་པ་དང་དཔུང་རྟགས་ཁུངས་བཙན་ཡིན་པར་ཁག་ཐེག་བྱས་པ་དང་། དོགས་ཡོད་གྱོད་དོན་དང་གྱོད་དོན་རྙོག་འཛིང་ཐད་ནས་ཆེད་མཁས་པར་བློ་འདྲི་བྱས་ནས། སྒྲུབ་འགན་ཁུར་བའི་ཞིབ་དཔྱོད་དཔོན་པོར་དཔྱད་གཞིའི་གྲོས་གཞི་འདོན་སྤྲོད་བྱས། རིམ་པ་རེ་རེའི་འགག་སྒོ་བརྟན་སྲུང་བྱས་ནས་གྱོད་དོན་གྱི་སྤུས་ཚད་ལ་ཁག་ཐེག་བྱས། ལྟ་སྐུལ་གྱི་བསམ་འཆར་འདོན་རྩིས་ཡོད་པའི་གྱོད་དོན་དེ། ཞིབ་དཔྱོད་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་སྟེང་གྲོས་སྡུར་བྱེད་པར་སྤྲད་པ་མ་ཟད། དགོས་གལ་ཆེ་ཚེ་རིམ་པ་མཐོ་བོའི་ཞིབ་དཔྱོད་ཁང་གི་དམངས་དོན་ཞིབ་དཔྱོད་སྡེ་ཁག་གི་བསམ་འཆར་ལ་ཉན་པ་དང་། རྩོད་སྒྲུབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད། རྗེས་འདེད་ལྟ་སྐུལ་ལག་བསྟར་བཟང་བོ་བྱས་པ་དང་། ཁྲིམས་ཁང་གིས་བསྡུ་ལེན་མི་བྱེད་པའི་འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་གཞི་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་མ་ཟད། རྗེས་འདེད་ལྟ་སྐུལ་བྱེད་མིན་གྱི་གྲོས་གཞི་བཏོན་པ་དང་། ཞིབ་བཤེར་བརྒྱུད་དེ་རྗེས་འདེད་ལྟ་སྐུལ་གྱི་དགོས་ངེས་ཡོད་པའི་ཞིབ་དཔྱོད་གྲོས་གཞི། གོང་རིམ་གྱི་ཞིབ་དཔྱོད་ཁང་ལ་སྤྲད་ནས་བསྐྱར་གཅོད་བྱེད་རྒྱུའི་རེ་ཞུ་བྱས།

གོ་རིམ་རྗེས་མར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དམངས་དོན་ཞིབ་དཔྱོད་སྡེ་ཁག་གིས་དོ་དམ་གསུམ་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱུན་བསྲིང་གསུམ་བཟང་བོར་བསྒྲུབ་པ། ཁྲིམས་ཁང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། ཕྱོགས་འགལ་ངོས་འཛིན་ཇེ་ཉུང་དུ་གཏོང་བ། ཐུན་མོང་གི་ལྟ་བ་ཇེ་ཆེར་གཏོང་བ་བཅས་བྱས་ནས། སྤུས་འབྲས་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་བཟང་བོར་བསྒྲུབ་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།