ད་ལོའི་ཟླ་སྔོན་མ་ལྔའི་རིང་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དངོས་ཟོག་སྐྱེལ་འདྲེན་སྤྱི་འབོར་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གསུམ་འཕར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོའི་དངོས་ཟོག་སྐྱེལ་འདྲེན་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་གྱི་གཞི་གྲངས་གསར་པ་ཁྱབ་བསྒྲགས་བྱས་པ་ལྟར་ན།  ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་དུ། རང་རྒྱལ་གྱི་དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་ལ་སྤྱིའི་ཆ་ནས་བརྟན་འཇགས་དང་སྒྲིག་གཞི་སྔར་ལས་ཇེ་ལེགས་སུ་འགྲོ་བའི་ཁྱད་ཆོས་མངོན་ཡོད། དེའི་ཁྲོད། བཟོ་ལས་ཐོན་རྫས་ཀྱི་དངོས་ཟོག་སྐྱེལ་འདྲེན་དགོས་མཁོ་བརྟན་འཇགས་སུ་ཕྱིན་ཡོད་ཅིང་། དམངས་འཚོའི་འཛད་སྤྱོད་ཀྱི་དངོས་ཟོག་སྐྱེལ་འདྲེན་དགོས་མཁོ་མགྱོགས་མྱུར་སྒོས་ཆེ་རུ་ཕྱིན་ཡོད།

ཟླ1པོ་ནས་ཟླ5པའི་བར་དུ། རྒྱལ་ཡོངས་སྤྱི་ཚོགས་དང་འབྲེལ་བའི་དངོས་ཟོག་སྐྱེལ་འདྲེན་སྤྱི་འབོར་དང་དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་ཁྲོད་ཀྱི་དངོས་ཟོག་གི་རིན་ཐང་སྤྱི་འབོར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གསུམ་ཁྲག་ཆེན་བརྒྱད་ཁྲག་ཁྲིག་བདུན་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས5.3%འཕར་ཡོད། ཐོན་ལས་རིམ་འཕར་དང་སྲིད་ཇུས་ཀྱི་ནུས་པའི་སྐུལ་འདེད་འོག་ཏུ།  ཟླ5པར་བཟོ་ལས་ཐོན་རྫས་མང་ཆེ་བའི་ཁོངས་དབྱེའི་ཟོག་འགྲེམས་དགོས་མཁོས་བརྟན་བརླིང་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ཁྲོད་སྒྲིག་ཆས་བཟོ་སྐྲུན་གྱིས་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་འཕར་བར་བྱས་རྗེས་འཇོག་ཚད་བཅུ་ཆའི5ལས་བརྒལ་ཞིང་། རླངས་འཁོར་བཟོ་སྐྲུན་དང་རྩིས་འཁོར་འཕྲིན་གཏོང་། དེ་མིན་གློག་རྡུལ་སྒྲིག་ཆས་གཞན་དག་གི་བཟོ་སྐྲུན་སོགས་ལས་རིགས་ཀྱི་དངོས་ཟོག་སྐྱེལ་འདྲེན་དགོས་མཁོ10%ལས་བརྒལ་ཡོད། སྒྲིག་ཆས་གསར་སྒྱུར་སྲིད་ཇུས་ཀྱིས་གློག་སྒུལ་འཕྲུལ་འཁོར་དང་གྲུ་གཟིངས་སོགས་སྒྲིག་ཆས་བཟོ་སྐྲུན་དངོས་པོའི་འཁོར་རྒྱུག་གི་ཚད་འཕར་བར་སྐུལ་ཁྲིད་བྱས་པ་མངོན་གསལ་རེད།

འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དང་གུང་གསེང་དཔལ་འབྱོར་གྱི་སྐུལ་ཁྲིད་འོག་ཏུ།  འཛད་སྤྱོད་དངོས་ཟོག་སྐྱེལ་འདྲེན་དགོས་མཁོ་མགྱོགས་མྱུར་སྒོས་ཇེ་མང་དུ་ཕྱིན་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་དུ། ལས་ཁུངས་དང་སྡོད་དམངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བསྡོམས་འབོར་ན་ནིང་གི་དུས་མཉམ་ལས6.4%འཕར་བ་དེ། ཟླ་དང་པོ་ནས་ཟླ་བཞི་པའི་བར་དང་བསྡུར་ན། བརྒྱ་ཆའི་གྲངས་གནས0.5ཡིས་ཇེ་མཐོར་ཕྱིན་ཡོད། དུས་ཐོག་སིལ་ཚོང་སོགས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། དངོས་ཟོག་ཐོན་རྫས་ཀྱི་དྲ་ལམ་སིལ་ཚོང་བྱེད་ཚད་ན་ནིང་གི་དུས་མཉམ་ལས6.3%འཕར་ཡོད།

དེ་མིན་ཟླ་དང་པོ་ནས་ཟླ་ལྔ་པའི་བར་དུ། དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་སྤྱིའི་ཡོང་སྒོ་སྒོར་ཁྲག་ཆེན་ལྔ་དང་ཁྲག་ཁྲིག་དྲུག་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས4.2%འཕར་བ་དང་། ཚོང་ཟོག་སྐྱེལ་འདྲེན་ཁྲོམ་རའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད་ལ། རྒྱལ་ཁོངས་ལས་བརྒལ་བའི་མཁའ་འགྲུལ་དངོས་ཟོག་འགྲེམས་སྐྱེལ་དང་ལྕགས་ལམ་རྒྱལ་སྤྱིའི་སྐྱེལ་འདྲེན་སོགས་ཀྱི་འགན་སྲུང་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཏེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་རྒྱུན་ཐག་གི་འཁོར་སྐྱོད་བརྟན་པོར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།