བདེ་ཆེན་གཡང་མཚོའི་ལས་སྒོ་གསར་སྤེལ་གྱི་ལམ་བུ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་སྔོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི“དག་ཞིང་ཡུས་ཧྲུའུ”ཁྱད་ལྡན་ཐོན་རྫས་ཉམས་ལེན་ཁང་དུ། 95ལོའི་རྗེས་ཀྱི་སྦྱིན་བདག་ལོ་གཞོན་བདེ་ཆེན་གཡང་མཚོ་མགྲོན་པོ་རྣམས་ལ་འཚིག་ཇ་བཟོ་བར་བྲེལ། བདེ་ཆེན་གཡང་མཚོ་ལོ་ན་ཆེ་རྒྱུ་མེད་ནའང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་ལས་སྒོ་གསར་སྤེལ་བྱེད་མཁན་ཚོའི་ཁྲོད་དུ་མོ་ལ་མཚན་སྙན་གྲགས་ངེས་ཅན་ཞིག་ཡོད།

2019ལོར་སློབ་ཆེན་མཐར་ཕྱིན་རྗེས། བདེ་ཆེན་གཡང་མཚོ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱིར་ཕ་ཡུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ལོག་སྟེ་ལས་སྒོ་གསར་སྤེལ་གྱི་ལམ་དུ་ཞུགས་པ་རེད།

སྐུ་མགྲོན་རྣམས་ལ་ཁོ་ཧྥེ་བཟོ་བ།

བདེ་ཆེན་གཡང་མཚོས་བཤད་རྒྱུར། ལས་སྒོ་གསར་སྤེལ་གྱི་ལམ་ལ་ཞུགས་མ་ཐག་པའི་དུས་དེར་ཅི་སྒྲུབ་གང་བྱེད་ཀྱི་དྲན་ཚུལ་གསལ་པོ་ཞིག་ང་ལའང་མི་འདུག ངས་རང་གི་ཕ་ཡུལ་ན་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཧ་ཅང་མང་པོ་ཡོད་པ་ཤེས། ཡིན་ནའང་ཚོང་རར་མི་བྲིན་ལ་རིན་གོང་ཡང་མི་བཟང་བས། ངས་འདི་ནི་གོ་སྐབས་ཡག་པོ་ཞིག་རེད་སྙམ་ཡོད་དེ། དེ་ལས་ང་ཚོའི་ཕ་ཡུལ་གྱི་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་ཐུབ་པར་མ་ཟད། ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་ཐུབ།

འཛད་སྤྱོད་པར་ཐོན་རྫས་ངོ་སྤྲོད་པ།

བདེ་ཆེན་གཡང་མཚོས་ཐོག་མར་ཐད་གཏོང་བྱས་ཏེ་ཚོང་ཟོག་བཙོང་མོད།ཡོང་སྒོ་དེ་ཙམ་བཟང་རྒྱུ་མེད་པས། 2020ལོར་ཁྲ་བོ་ལ་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་དང་། དྲ་ལམ་ཐད་གཏོང་དང་དབང་བཅོལ་ལས་ཚབ། མཉམ་འབྲེལ་ཉོ་ཚོང་སོགས་ཀྱི་ཐབས་ལམ་སྤྱད་དེ་མཉམ་ལས་ཁང་ཉེ་འགྲམ་གྱི་འབྲོག་པ་རྣམས་ལ་རོགས་རམ་བྱས་ཤིང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱས་པས། 2024ལོའི་ཕྱིར་འཚོང་གི་སྒོར་གྲངས་སྒོར་ཁྲི720ལ་སླེབས།

ཡུལ་སྐོར་པར་ཡུས་ཧྲུའུ་ཡི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་པ།

ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཚོང་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་བསྟུན་ནས། ད་ལོའི་ལོ་མགོར། བདེ་ཆེན་གཡང་མཚོས“དག་ཞིང་ཡུས་ཧྲུའུ”ཞེས་པའི་ཁྱད་ལྡན་ཐོན་རྫས་ཉམས་ལེན་ཁང་བཙུགས་པ་རེད། མོས་བཤད་རྒྱུར། ངས་ཚོང་ཁང་འདི་ཉིད་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁྱད་ཆོས་ངོམ་སའི“སྒེའུ་ཁུང”ཞིག་ཏུ་བསྐྲུན་ནས། འགྲུལ་བ་རྣམས་འདིར་སླེབས་ཚེ་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པར་མ་ཟད། ད་དུང་ཡུས་ཧྲུའུ་ཡི་ཟས་མཆོག་ལའང་རོལ་ཆོག་པ་ཞིག་བཟོ་འཆར་ཡོད། །  

བདེ་ཆེན་གཡང་མཚོས་བཟོས་པའི་གསའ་གཟུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།