ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི“མགོ་ལོག་ན་གཞོན་སྒྱུ་རྩལ”རྟེན་གཞིའི་བྱམས་བརྩེའི་འོད་སྣང་སྤྱི་ཕན་སྒྱུ་རྩལ་གླིང་དུ། འགན་འཛིན་པ་བསོད་ནམས་དཔལ་གྱིས་རི་མོར་དགའ་བའི་སློབ་མ་རྣམས་ལ་ནན་ཏན་གྱིས་མཛུབ་སྟོན་བྱེད་བཞིན་མཆིས། བསོད་ནམས་དཔལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྒྱུ་རྩལ་གླིང་ནི་ཁོས2018ལོའི་ཟླ3པར་བཙུགས་ལ། ད་ལོའི་ཟླ2པར། གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཨུ་ཡོན་ལྷན་ཁང་གི“ས་གནས་སུ་སྡོད་པའི་ན་གཞོན་འཆར་གཞི”བརྒྱུད། སྒྱུ་རྩལ་གླིང་དེ་ཁང་རིན་དང་ཆུ་གློག་གི་རིན་པ་སྟེར་མི་དགོས་པའི་ན་གཞོན་སྒྱུ་རྩལ་རྟེན་གཞིར་གནས་སྤར་ཏེ། ཁོའི་སྤྱི་ཕན་སྒྱུ་རྩལ་གྱི་ལམ་དུ་སྙེག་མགོ་བརྩམས།
“ན་གཞོན་སྒྱུ་རྩལ་རྟེན་གཞིར་གནས་སྤར་རྗེས། རི་མོ་སྦྱོང་མཁན་མང་པོ་སླེབས་པས། སྒྱུ་རྩལ་གླིང་གི་སྙན་གྲགས་ཇེ་ཆེར་གྱུར། དུས་མཚུངས་སུ་སྒྱུ་རྩལ་གླིང་གིས་རིན་མ་བླངས་པར་དབང་བོ་སྐྱོན་ཅན་དང་དྭ་ཕྲུག་རྣམས་ལ་རི་མོ་ཁྲིད་དེ། ཁོ་ཚོར་རིག་གནས་དང་རྩལ་ནུས་འབྱོར་ཐབས་བྱས་ཏེ། མ་འོངས་པར་རང་གི་ལག་ཟུང་ལ་བརྟེན་ནས་རང་གི་འདོད་པ་བཞིན་འཚོ་བ་རོལ་ཐུབ་པ་ཞིག་ཡོང་བར་ཤུགས་བརྒྱབ་པ་ཡིན། ”བསོད་ནམས་དཔལ་གྱིས་བཤད་པ་ལྟར་ན། སྒྱུ་རྩལ་གླིང་གི་འགྲོ་གྲོན་ནི་ཁོ་རང་གི་བོད་སྤོས་ཚོང་ཁང་གི་ཡོང་སྒོར་བརྟེན་ཡོད་ལ། ཁོས་ནམ་ཡང་བྱམས་སྙིང་རྗེའི་བསམ་པ་བཅངས་ནས་སྤྱི་ཚོགས་སྟེང་གི་དགེ་རྩ་སྡེ་ཁག་དང་འབྲེལ་གཏུག་བྱས་པ་ལས། སྒྱུ་རྩལ་གླིང་གི་སློབ་མ“ཁྱད་པར་བ”དེ་དག་ལ་བརྩེ་སེམས་ཀྱི་རོགས་རམ་གང་ལེགས་ཐོབ་ཐབས་བྱེད་ཀྱིན་ཡོད།
བསོད་ནམས་དཔལ་གྱིས་སློབ་མ་ཆུང་ཆུང་རྣམས་ཀྱི་བརྩམས་ཆོས་ངོ་སྤྲོད་བྱེད་པ།
འགུལ་རིས་རི་མོ་འབྲི་བའི་སློབ་མ་ཆུང་ཆུང་ཞིག
སློབ་མ་ཞིག་གིས་རི་མོའི་ཞིབ་ཆ་འབྲི་བཞིན་པ།