ཟླ6པའི་ཚེས23ཉིན་ནས་ཚེས25ཉིན་བར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་པད་མ་རྫོང་གི་བོད་ཇ་ཐོན་ལས་དབུལ་སྐྱོར་འཁོར་ཁང་དང་། རྫོང་ནགས་ལས་ཅུའུ་སྡོང་ཕྲུག་ར་བ། སྨར་ཁོག་ནགས་ལས་ཅུའུ། མཛའ་མཐུན་ཟམ་པའི་ནགས་ར་སོགས་སུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་ཞིབ་དང་། སྙན་ཞུར་ཉན་པ། དཔྱད་གཞིའི་རྒྱུ་ཆ་ཀློག་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་། ནགས་ལས་ཐོན་ལས་འཕེལ་རྒྱས། ནགས་ཚལ་མེ་ཟོན་དང་བཅའ་ཁྲིམས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་ཆ་ལྡན་པའི་སྒོ་ནས་རྒྱུས་ལོན་བྱས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ད་ལྟའི་གནས་ཚུལ་དང་གནས་པའི་དཀའ་ཁག་ལ་རྟོག་ཞིབ་བྱས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། མགོ་ལོག་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས་ནགས་ཚལ་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ཁྲིམས་ལྟར་ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་དང་། དེང་རབས་ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་ནུས་ལྡན་དང་ཕན་འབྲས་མངོན་གསལ་བྱུང་བས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད།
ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། ནགས་ཚལ་བཅའ་ཁྲིམས་ཀྱི་གཏན་འབེབས་བླང་བྱར་དམ་དུ་དམིགས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྔར་ལས་ལག་བསྟར་གཏིང་ཟབ་བྱས་ཏེ་ནགས་ཚལ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་བཀོད་འགན་འཁྲི་ནན་མོར་གཞིགས་ནས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་སྣེ་གསུམ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ནས། རྒྱལ་ཁོངས་ལྗང་སྒྱུར་དེ་གྲངས་འབོར་ཇེ་མང་ནས་གྲངས་འབོར་ཇེ་མང་དང་སྤུས་ཚད་མཐོར་འདེགས་གཉིས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ནགས་ལས་རྩྭ་ཐང་གི་ཐོན་ལས་དང་དམངས་ཕྱུག་དམངས་ཕན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། ཁྱད་ལྡན་ནགས་ལས་ལེགས་པོར་བསྒྲུབ་པ། ནགས་འོག་གི་བར་སྟོང་ཆེ་རུ་གཏོང་བ། ནགས་འོག་གི་རྒྱུད་སྤེལ་གསོ་སྤེལ་སོགས་ཀྱི་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། དཔེ་སྟོན་རྟེན་གཞི་ཧུར་ཐག་གིས་བསྐྲུན་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་དགོས།