ཟླ6པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་གྱི་མཚོ་ནུ་ལྕེ་ནས་རྟ་ནག་མའི་བར་དང་། ཟི་ལིང་ཚའོ་ཅཱ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ཤར་ཕྱོགས་ཀྱི་འཛུལ་སྒོའི་ལམ་གྱི་ལས་གཞིའི་བཟོ་སྐྲུན་གཙོ་བོ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད་ལ། འགྲིམ་འགྲུལ་བདེ་འཇགས་དང་ཁོར་ཡུག་མཛེས་བཟོ་སོགས་མཇུག་བསྡུའི་བྱ་བ་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད་ལ། ཟླ6པའི་ཚེས30ཉིན་རླངས་འཁོར་ཤར་གཏོང་བྱ་རྒྱུའི་འཆར་གཞི་ཡོད།
རིང་ཚད་ལ་སྤྱི་ལེ72.3ཡོད་པའི་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་བར་གྱི་གཞུང་ལམ་གྱི་མཚོ་ནུ་ལྕེ་ནས་རྟ་ནག་མའི་བར་གྱི་ལམ་དུམ་ནི《མཚོ་སྔོན་ཞིང་ཆེན་གྱི་ལྟེ་བ་གཅིག་དང་གདུབ་གཅིག་རྒྱུད་མང་པོའི་སྐྱེ་ཁམས་ཡུལ་སྐོར་གཞུང་ལམ་འཆར་འགོད་རྩ་གནད》འཆར་འགོད་ཀྱི་སྐྱེ་ཁམས་མཛེས་ལྗོངས་ལམ་ཆེན་ཨང་དང་པོ་ལྔའི་ཁྲོད་ཀྱི་མཚོ་སྔོན་པོའི་ཨང་དང་པོའི་གྲུབ་ཚུལ་གལ་ཆེན་གྱི་ལམ་ཞིག་རེད། བཟོ་སྐྲུན་ལས་བསྡོམས་པས་བགྲོད་ལམ་འགྲམ་རྒྱུད་དང་རི་ལྡེབས་ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་བཞི་དང་ཁྲི་དགུ་ཡོངས་འགྲུབ་བྱས་ཡོད་པ་དང་། ཚད་ལྡན་རྐང་རྩེད་སྤོ་ལོའི་ར་བ68དང་མཚུངས་ལ། དེས་སྐྱེ་ཁམས་ཡུལ་ལྗོངས་ལམ་ཆེན་སྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད། ལས་གཞི་འཛུགས་སྐྲུན་གྱིས་དེ་སྔོན་གྱི་རླངས་འཁོར་ལམ་གཉིས་ནས་རྒྱ་བསྐྱེད་དེ་ལམ་ལྔ་རུ་བསྒྱུར་ཡོད་པ་དང་། རླངས་འཁོར་འཇོག་ས་ཆེན་པོ་ལྔ་ལས་ཡོད་པས། རླངས་འཁོར་གྱི་བདེ་འཇགས་རང་བཞིན་དང་སྐྱིད་སྣང་རང་བཞིན་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ལ།“མགྱོགས་མྱུར་ཡོང་བ་དང་མགྱོགས་པོར་ཕྱིར་འགྲོ་བ། དལ་བགྲོད། མང་འབྲེལ་བཅས་ཀྱི་ཡུལ་སྐོར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་བསྐྲུན་ནས། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་རོགས་རམ་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད།
2024ལོའི་ཟླ8པའི་ཚེས31ཉིན་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཟི་ལིང་ཚའོ་ཅཱ་པུའུ་གནམ་གྲུ་ཐང་གི་ཤར་ཕྱོགས་ཀྱི་འཛུལ་སྒོའི་ལམ་གྱི་ལས་གཞི་ནི་ཟི་ལིང་ཚའོ་ཅཱ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུས་རིམ་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་གྱི་སྒྲིག་ཆས་གལ་ཆེན་དང་ཚའོ་ཅཱ་པུའུ་ཕྱོགས་བསྡུས་འགྲིམ་འགྲུལ་བརྗེ་སྤོར་ལྟེ་བའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལས་གཞིའི་འཛུགས་སྐྲུན་གྱི་རིང་ཚད་སྤྱི་ལེ3.187ཡིན་པ་དང་། འགོ་རྩོམ་ས་ཟི་ལིང་ཚའོ་ཅ་པུའུ་གནམ་གྲུ་ཐང་གིT3པའི་འབབ་ཚུགས་ཤར་ཕྱོགས་ཀྱི་ཟམ་ལམ་དང་སྦྲེལ་ཞིང་། མཇུག་བསྡུ་ས་ནི་ཚའོ་ཅཱ་པུའུ་ཤར་མར་འབྲེལ་བ་དངG6པེ་ཅིང་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་བརྗེ་སྤོར་གནས་རེད། འཛུགས་སྐྲུན་ནང་དོན་གཙོ་བོ་ནིG6མྱུར་བགྲོད་གཞུང་ལམ་སྦྲེལ་མཐུད་དང་གནམ་གྲུ་ཐང་གི་སྦྲེལ་ལམ་བཟོ་སྐྲུན་གྱི་ལམ་གཙོ་བོ་ནི་རིམ་པ་དང་པོའི་གཞུང་ལམ་ཚད་གཞི་དང་། ཞོར་ལམ་ཡང་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད། ལམ་ཧྲིལ་པོར་ཟམ་པ་ཆེན་པོ1དང་ཟམ་པ་འབྲིང་བ3བཙུགས་ཡོད། གནམ་གྲུ་ཐང་གི་ཤར་ཕྱོགས་འཛུལ་སྒོ་ལག་བསྟར་བྱས་པས། ས་ཁོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་དང་འཚམ་པ། ཚའོ་ཅཱ་པའོ་ཕྱོགས་བསྡུས་འགྲིམ་འགྲུལ་ཚུལ་སྒྱུར་འགག་རྩའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཧ་ཅང་གལ་ཆེ་ལ། རླངས་འཁོར་ཤར་གཏོང་བྱས་རྗེས G6པེ་ཅིང་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་ཚའོ་ཅཱ་པའོ་གནམ་གྲུ་ཐང་གི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་ནུབ་སྒོ་ནས་ཡོང་བ་དང་ནུབ་སྒོ་ནས་འབུད་པ། ཤར་སྒོ་ནས་ཡོང་བ་དང་ཤར་སྒོ་ནས་ཕྱིར་འབུད་པའི་མ་ལག་ཆ་ཚང་གི་འགྲིམ་འགྲུལ་ཚུལ་སྒྱུར་བྱས་པས། རྒྱ་ཆེའི་ཡུལ་སྐོར་བ་ཕྱིར་བསྐྱོད་པར་སྔར་ལས་སྟབས་བདེ་བ་དང་ནུས་པ་མཐོ་བའི་འགྲིམ་འགྲུལ་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།