མཚོ་སྔོན་ཞིང་ཆེན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱེད་པ་དང་གན་རྒྱ་འཇོག་པའི་ཚོགས་འདུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས26ཉིན།  ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་འོས་སྦྱོར་བྱེད་པ་དང་གན་རྒྱ་འཇོག་པའི་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཤིས་ཚིག་ཕུལ།

ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱི་སྟེགས་བེད་སྤྱོད་བྱས་པ་དང་།  ཞིང་ལས་སྦྲེལ་ཐག་ཏུ་བཟུང་ནས། ཡུལ་དངོས་འོས་སྦྱོར་དང་ཚོང་རྟགས་དྲིལ་བསྒྲགས།  གཅིག་བསྡུས་ཀྱིས་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ཏེ།  མཚོ་སྔོན་གྱི་སྤུས་ལེགས་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ཁྱབ་སྤེལ་བཏང་བ་དང་།  “དག་གཙང་གི་མཚོ་སྔོན།། མཐོ་སྒང་གི་ཐོན་རྫས ”ཞེས་པའི་ཞིང་ཕྱུགས་ལས་རིགས་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཀྱི་སྣང་བརྙན་ལེགས་པར་མངོན་ཡོད།  ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་དང་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་དང་ཕྱིར་འཚོང་སོགས་ཀྱི་ཁྱབ་ཁོངས་ནས་ཐུན་མོང་མཉམ་ལས་ཀྱིས་གྲུབ་འབྲས་ལེན་པའི་ལེའུ་གསར་བ་འབྲི་བ་དང་།  ཕྱོགས་ཡོངས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ས་འཛུགས་སྐྲུན་བྱེད་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས།

ཚོགས་འདུའི་སྟེང་།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཟི་ལིང་གྲོང་ཁྱེར།  མཚོ་ཤར་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ།  མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ།  མཚོ་སྔོན་ཨ་ཆེན་གངས་རྒྱབ་ཀུང་ཟི།  ན་གོར་མོའི་ས་རྒོད་རྨོ་འདེབས་ཀུང་ཟི།  མཚོ་སྔོན་པོའི་ཞིང་འབྲོག་ཚན་རྩལ་ཀུང་ཟི་སོགས་ཁེ་ལས་ཀྱི་འཐུས་ཚབ་པས་ངོ་སྤྲོད་གཏམ་བཤད་གནང་།  ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གཙོ་བོ་ཁག12ལ་ཡུལ་དངོས་ནས་གཅིག་བསྡུས་གན་རྒྱ་བཞག

ཞིང་ལས་ཞིང་སྡེ་པུའུ་ཡི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་།  ནང་སོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས།  རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་ལས་ཞིང་སྡེའི་ལས་ཁུངས།  ཞིང་ཆེན་ཕྱི་ནང་གི་ཞིང་ལས་ཞིང་སྡེའི་ལས་རིགས་ཀྱི་ཁེ་ལས་དང་འཐུས་ཚབ་པ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།