མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པས“མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་སྐོར་ནས་གླེང་མོལ་བྱེད་པའི”ཆེད་དོན་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པའི“རི་སྔོ་ཆུ་དྭངས་དང་ཆུ་བརྒྱ་མཚོ་འདུས”ཞེས་པའི་བརྗོད་གཞི་ཡིན་པའི་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གླེང་མོལ་གྱི་ཆེད་དོན་བྱེད་སྒོ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ད་ཐེངས་ཀྱི་བྱེད་སྒོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེགས་བུར་སྤྱད་དེ། གཉིས་ཕན་མཉམ་རྒྱལ་དམིགས་འབེན་དུ་བརྩིས་ནས། ཞིང་ཆེན་ཕྱི་ནང་གི་མིང་གྲགས་ཆེ་བའི་མཁས་པ་དང་ཕུལ་བྱུང་ཁེ་ལས་པའི་འཐུས་མི་མཉམ་དུ་བསྡུས་ཏེ། དམངས་གཉེར་དཔལ་འབྱོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་སྒོ་འབྱེད་པའི་བསམ་ཞིབ་སྐོར་ནས་མཉམ་དུ་དཔྱད་བསྡུར་བྱས་པ་དང་། མཚོ་སྔོན་ཐོན་ལས་ཀྱི་ནུས་རིམ་མཐོ་རུ་གཏོང་བའི་ཐད་ནས་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས། བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དཔལ་འབྱོར་སྒྲིག་སྲོལ་དང་དོ་དམ་ཞིབ་འཇུག་སའོ་ཡི་སའོ་ཀྲང་ལིས་ཀྲིན་ཅིན་གྱིས“མཚོ་སྔོན་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གོ་སྐབས་དམ་འཛིན་དང་འགྲན་སློང་གདོང་གིས་བསུ་བ། མ་འོངས་པར་རེ་ལྟོས་བྱེད་པ”ཅེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད་པ་དང་། ཚོགས་ཞུགས་འཐུས་མི་ཁག་གཅིག་གིས་ཀྱང་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྦས་ཤུགས་དང་ཁོར་ཡུག་སོགས་ལ་དམ་པོར་དམིགས་ནས་འགྲེལ་བཤད་ཞིབ་མོ་བྱས། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་ལྷུ་ཚིགས་སྐོར་ནས་སྐད་ཆ་བཤད་རེས་བྱེད་སྐབས། ཚོགས་ཞུགས་ཁེ་ལས་པ་ལྔ་པོས་མཚོ་སྔོན་དམངས་གཉེར་ཁེ་ལས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ལག་ལེན་ཐབས་ལམ་དང་གསར་གཏོད་ཀྱི་ཐོད་བརྒལ་ལ་དམིགས་ཏེ། ལས་རིགས་ཟབ་སྤེལ་གཏོང་བའི་རིང་གི་ལོ་དུ་མའི་བསམ་བློའི་ངོས་ཟིན་དང་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་སྒོ་རྩ་ཅན་དང་དཔྱད་གཞི་རིན་ཐང་ཅན་འདོན་སྤྲོད་བྱས།

ཚོགས་ཞུགས་ཁེ་ལས་པས་ཐེངས་འདིའི་གླེང་མོལ་བྱེད་སྒོ་ནི། བསམ་བློའི་གསོལ་སྟོན་ཆེན་པོ་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་ཐག་ཆོད་པ་ཞིག་ཀྱང་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། མ་འོངས་པར་ཡིད་ཆེས་བརྟན་གཏོང་དང་གོ་སྐབས་དམ་འཛིན་བྱས་ཏེ། དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་གདོང་བསུས་ནས། གསར་གཏོད་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་ཐུབ་པར་བྱེད་པ་དང་བྱས་རྗེས་སྔར་ལས་ཆེན་པོ་བཞག་སྟེ། ལག་གདང་སྦྲེལ་ནས་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་རྣམ་པ་གསར་པ་བསྐྲུན་རྒྱུ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།