མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན་ནི་རྒྱལ་ཡོངས་གྱི“ས་ཞིང་ཉིན་མོ”35པ་ཡིན་ཞིང་། མཚོ་སྔོན་གྱིས“ས་ཞིང་གྲོན་ཆུང་དང་ཞིབ་ཚགས་ཀྱིས་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱེད་པ”བརྗོད་དོན་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ། དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ལ་རྨོ་ཞིང་སྲུང་སྐྱོང་དང་ས་ཞིང་གྲོན་ཆུང་གི་འདུ་ཤེས་འཛུགས་པར་སྔར་བས་ཁྲིད་སྟོན་བྱ་ཆེད་རེད། བྱེད་སྒོ་དེ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུའུ་གཉིས་ཀྱིས་གཙོ་གཉེར་བྱས་པ་དང་། སྟོང་སྐོར་རྫོང་མི་དམངས་སྲིད་གཞུང་དང་སྟོང་སྐོར་རྫོང་རང་བྱུང་ཐོན་ཁུངས་ནགས་ལས་རྩྭ་ཐང་ཅུའུ་ཡིས་སྒྲུབ་འགན་འཁུར།
དྲིལ་སྒྲོག་བྱེད་སྒོ་དེས་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་དམིགས་ཏེ་སྲིད་ཇུས་འགྲེལ་བཤད་དང་། ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ། འགྲེམས་པང་འགྲེམས་སྟོན། བྱ་དགའ་ཡོད་པའི་དྲིས་ལན་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་བརྒྱུད་དེ་གོ་སླ་བའི་བྱེད་ཐབས་ལ་བརྟེན་ནས་སྲིད་ཇུས་དང་ཁྲིམས་སྲོལ་མང་ཚོགས་ཀྱིས་གོ་ཐུབ་པ་དང་བེད་སྤྱོད་ཐུབ་པའི་དངོས་སྤྱོད་ཆ་འཕྲིན་དུ་བསྒྱུར་བ་དང་། རྨོ་ཞིང་སྲུང་སྐྱོང་དང་ས་ཆའི་ཐོན་ཁུངས་དོ་དམ་སོགས་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་རྟོགས་བྱེད་ཚད་དང་ཞུགས་ཚད་ཇེ་མཐོར་བཏང་སྟེ་ཚང་མས་རང་ཉིད་ནས་འགོ་བརྩམས་པ་དང་། ད་ལྟ་ནས་འགོ་བརྩམས་པ། ཐིག་ནས་འགོ་བརྩམས་པར་འབོད་སྐུལ་བྱས།
ས་ཞིང་ནི་དམངས་ཚིས་ཀྱི་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྨང་གཞི། རྒྱུ་ནོར་གྱི་མ་མ་བཅས་ཡིན་ལ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་དངོས་པོའི་རྨང་གཞི་ཡང་རེད། འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱ་བ་དེ་ཕྱོགས་སྟོན་དུ་བཟུང་ཞིང་། “སོ་སྐྱེས་པའི”བྱེད་ཐབས་སྲ་མོ་སྤྱད་དེ་རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱས། “རི་ཆུ་ནགས་ཚལ། ས་ཞིང་མཚེའུ། རྩྭ་དང་བྱེ་ས་གཞི་གཅིག་ཅན་སྲུང་སྐྱོང་བྱེད་པའི”ཐོག་ནས་སྐྱེ་ཁམས་རྨང་གཞི་བསྐྱར་གསོ་བྱས་ཏེ། བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནན་པོ་བཟུང་བར་བརྟེན་རྨོ་ཞིང་གི་བསྡོམས་འབོར་བརྟན་པོའི་ཁྲོད་འཕར་སྣོན་བྱུང་པས། ཞིང་ཆེན་གྱིས་ས་གནས་ཁག་གིས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བྱ་བ་སྔར་བས་དམ་འཛིན་བྱས་ཏེ་རྨོ་ཞིང་ཉར་ཚད་དང་ཡུན་རིང་གི་གཞི་རྩའི་ས་ཞིང་སྲུང་སྐྱོང་གི་དམར་ཐིག་དམ་སྲུང་བརྟན་པོ་བྱ་རྒྱུ་རེད།