མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྨན་བཅོས་འགན་སྲུང་ཞབས་ཞུས་མི་དམངས་ལ་སྟབས་བདེ་རང་བཞིན་དང་འཕྲོད་པའི་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མང་ཚོགས་ཀྱི་ཛ་དྲག་ཆེ་བའི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ལ་དམིགས་ཏེ། ལས་བཟོ་པའི་སྨན་བཅོས་འགན་སྲུང་ལས་མི་སྒེར་རྩིས་ཐོའི་ཐུན་མོང་རོགས་རམ་གྱི་ཁྱབ་ཁོངས་དེ་གཉེན་ཉེ་བར་རྒྱ་བསྐྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་འགན་སྲུང་ཁྱིམ་ཚང་གི་རྩིས་ཐོའི་ཐུན་མོང་རོགས་རམ་རྒྱུན་མཐུད་ཇེ་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་དང་།བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་རྒྱུ་རེད།
རྩིས་ཐོའི་ཐུན་མོང་རོགས་རམ་དངུལ་གྲངས་གཏོང་སྤྲོད་ཕྱོགས་ནས། གཏོང་སྤྲོད་དམའ་ཤོས་སྒོར500ཡི་ཚད་བཀག་ཡོད་པ་མེད་པ་བཟོས་ནས་འགན་བཅོལ་ནང་ཞུགས་མཁན་རང་ནས་རྩིས་ཐོའི་ཐུན་མོང་རོགས་རམ་གྱི་དངུལ་གྲངས་གཏོང་སྤྲོད་བྱེད་ཆོག་པ་སྟེ། གྲངས་ཉུང་ལ་ཐེངས་མང་བའི་བབ་དང་བསྟུན་ནས་ནང་འཇུག་བྱེད་པའམ་ཡང་ན་ཐེངས་གཅིག་གི་དངུལ་གྲངས་ཅུང་ཆེན་པོ་གཏོང་སྤྲོད་བྱེད་པ་གང་ཡིན་རུང་ཁྱིམ་ཚང་གི་བེད་སྤྱོད་དགོས་མཁོ་དང་མཐུན་ལ། སྨན་བཅོས་འགན་སྲུང་ཐེབས་རྩ་ཡི་བཀོལ་སྤྱོད་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ།
རྩིས་ཐོའི་ཐུན་མོང་རོགས་རམ་གསར་འཛུགས་ཕྱོགས་ནས་ས་གནས་གཞན་དུ་བཀོད་སྒྲིག་བྱས་པའི་ཐོ་འགོད་མི་སྣར་རྩིས་ཐོའི་ཐུན་མོང་རོགས་རམ་གསར་འཛུགས་གློད་དུ་བཏང་ནས་ཡུན་རིང་ས་གནས་གཞན་དུ་སྡོད་རྒྱུ་དང་། བཀོད་སྒྲིག་མི་སྣས་དྲ་ཐོག་ནས་མི་སྒེར་གྱི་རྩིས་ཐོའི་མ་དངུལ་གྱིས་་འགན་ལེན་ནང་ཞུགས་པའི་གཉེན་ཉེར་རོགས་རམ་བྱ་ཆོག་པ་དང་། རྩིས་ཐོའི་ཐུན་མོང་རོགས་རམ་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ་ལས་བཟོ་པ་རང་ཉིད་དང་དེའི་གཉེན་ཉེའི་འགན་སྲུང་ནང་ཞུགས་པའི་གྲོན་དངུལ་འཇོག་པ་དང་སྨན་བཅོས་བྱེད་པའི་ཁུར་པོ་ནུས་ལྡན་ངང་ཇེ་ཡང་དུ་གཏོང་རྒྱུ་བཅས་རེད། །